ལྷ་རིས་པ་ཁྲི་འཛིན་རབ་བརྟན་གྱིས་བོད་ཀྱི་རིག་གནས་རྒྱུན་འཛིན་བྱེད་པ།

ལྷ་རིས་པ་ཁྲི་འཛིན་རབ་བརྟན་གྱིས་བཞེངས་པའི་ཐང་ག《 ཤཱཀྱ་མུ་ནེ》
ལྷ་རིས་པ་ཁྲི་འཛིན་རབ་བརྟན་ལགས།
ཉེ་ཆར། འཆམ་མཛེས་ཀྱི་བོད་ལྗོངས་ཞེས་པའི་མཛེས་རིས་བརྩམས་ཆོས་འགྲན་བསྡུར་གྱི་བྱ་དགའ་གནང་བའི་མཛད་སྒོ་དེ་རྒྱལ་ཁབ་ཟློས་གར་གླིང་ཆེན་མོ་རུ་བསྡུས་ཤིང་། སི་ཁྲོན་ཟུང་ཆུ་ནས་ཡོང་བའི་ཐང་གའི་ལྷ་རིས་པ་ཁྲི་འཛིན་རབ་བརྟན་ལགས་ཀྱིས་བཞེངས་པའི《ཤཱཀྱ་མུ་ནེ 》ཞེས་པར་གསེར་གྱི་བྱ་དགའ་ཐོབ་པ་རེད།
ལྷ་རིས་པ་ཁྲི་འཛིན་རབ་བརྟན་ལགས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན《ཤཱཀྱ་མུ་ནེ》ཞེས་པའི་ཐང་ག་དེ་ནི་ཁོང་གིས་ལོ་ངོ་གསུམ་གྱི་རིང་ལ་བརྩམས་ཤིང་། མིག་སྔའི་བར་གསར་རྩོམ་གྱི་དུས་ཡུན་ཆེས་རིང་བའི་བརྩམས་ཆོས་ཤིག་ཀྱང་ཡིན་པ་རེད། 《ཤཱཀྱ་མུ་ནེ》ཞེས་པའི་བརྩམས་ཆོས་ཁྲོད་དུས་རབས15པའི་ལོ་རབས20པའི་སྐབས་ཀྱི་སྨན་ཐང་བའི་བྲིས་རྒྱུན་སྤྱད་ནས་ཤཱཀྱ་མུ་ནེ་གཙོ་སྐུ་རུ་བྱས་པ་དང་། དེའི་མཐའ་སྐོར་དུ་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཆེན་པོ་ལྔའི་སྲོལ་འབྱེད་མཁན་དང་སྐྱེས་ཆེན་དམ་པ། ཆོས་སྐྱོང་སོགས་བཞེངས་འདུག
ལྷ་རིས་པ་ཁྲི་འཛིན་རབ་བརྟན་ལགས་ནི2002ལོར་སི་ཁྲོན་དར་རྩེ་མདོའི་བོད་ཡིག་སློབ་གྲྭའི་སྒྱུ་རྩལ་སྡེ་ཁག་འགྲིམས་ནས་ཀརྨ་སྒར་བྲིས་ལུགས་ཀྱི་ཐང་གའི་བྲིས་རྒྱུན་ལ་སློབ་སྦྱོང་བྱས་ཤིང་། དེའི་རྗེས་རེབ་གོང་སེང་གེ་གཞོངས་དང་ལྷ་ས་རུ་སོང་ནས་ཐང་གའི་བྲིས་རྒྱུན་རིགས་མི་འདྲ་བར་སློབ་སྦྱོང་བྱས། ཁོང་ད་ལྟ་བོད་ལྗོངས་ཀྱི་རིམ་པ་དང་པོའི་ཐང་གའི་ལྷ་རིས་པ་ཡིན་པའི་ཁར། ཁོང་གིས་ཞང་བོད་ཐང་གའི་སྒྱུ་རྩལ་ལྟེ་གནས་ཀྱི་འགོ་གཙོའི་འགན་བཞེས་ཡོད་ལ། ཁོང་གིས་བཤད་རྒྱུར་ཁོང་གི་ཐང་གའི་བརྩམས་ཆོས་བརྒྱུད་ནས་མི་དེ་ལས་མང་པོ་ཞིག་གིས་ཐང་ག་ལ་རྒྱུས་ལོན་བྱས་ཐོག བོད་ཀྱི་རིག་གནས་ལ་དགའ་མོས་སྐྱེས་སུ་འཇུག་པ་དང་། ང་རང་ཉིད་ཀྱིས་བལྟས་ན་དེ་ནི་འགན་འཁྲི་ཞིག་ཏུ་མཐོང་ཞིང་། ང་ཚོ་ལོ་ན་གཞོན་པའི་ཐང་གའི་ལྷ་རིས་པ་རྣམས་ཀྱིས་སྲོལ་རྒྱུན་རིག་གནས་འདི་མུ་མཐུད་དུ་རྒྱུན་འཛིན་བྱ་འོས་ཞེས་བརྗོད་པ་རེད།
