རྒྱ་ཚ་རྫོང་གི་སྐབས་གཉིས་པའི་དྭགས་པོ་སྟར་ཕུད་དུས་ཆེན་བསྡུས་པ།
རྒྱ་ཚ་རྫོང་གི་སྐབས་གཉིས་པའི་དྭགས་པོ་སྟར་ཕུད་དུས་ཆེན་བསྡུས་པ།
ཟླ9པའི་ཚེས16ཉིན། བོད་ལྗོངས་རྒྱ་ཚ་རྫོང་གི་དྭགས་པོ་སྟར་ཕུད་དུས་ཆེན་སྐབས་གཉིས་པ་བསྡུས་པ་རེད། ཁྱད་དུ་འཕགས་པའི་གནམ་གཤིས་དང་རང་བྱུང་ཐོན་ཁུངས་ལ་བརྟེན་ནས་རྒྱ་ཚ་རྫོང་ནི་བོད་ལྗོངས་ཀྱི་སྟར་ཀའི་ཕ་ས་དང་དབྱར་རྩྭ་དགུན་འབུའི་ཕ་ས་ཞེས་པའི་མཚན་སྙན་གསོལ་ཡོད་ཅིང་། ལྷ་མོ་ལྷ་མཚོ་དང་ལོ་ངོ་སྟོང་གི་སྟར་ཀའི་སྐྱེད་ཚལ་སོགས་རང་བྱུང་མཛེས་ལྗོངས་ལ་བརྟེན་ནས་མཚན་སྙན་ཕྱོགས་ཀུན་དུ་ཁྱབ།
རྒྱ་ཚ་རྫོང་དུ་སྟར་ཀ་ཐོན་སྐྱེད་བྱས་ནས་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་ཞིང་། སྟར་ཀའི་རིགས40ལྷག་ཡོད་ལ། བོད་ལྗོངས་ཀྱི་ཤིང་ཏོག་འདེབས་འཛུགས་ཐོན་ཁུངས་ཀྱི་རང་བྱུང་གཏེར་མཛོད་ཞིག་ཏུ་གྱུར་འདུག 2008ལོར་རྒྱལ་ཡོངས་ཐེངས་དང་པོའི་སྟར་ཀའི་ཚོགས་ཆེན་དང་།2011ལོའི་ཀྲུང་གོའི་རྒྱལ་སྤྱིའི་ནགས་ལས་ཐོན་རྫས་བཤམས་སྟོན་ཚོགས་འདུ་སྐབས་བཞི་པའི་སྟེང་། རྒྱ་ཚའི་སྟར་ཀ་ལ་དངུལ་གྱི་རྟགས་མ་དང་ཕུལ་བྱུང་ཐོན་རྫས་བྱ་དགའ་ཐོབ་པར་བརྒྱུད། སྙན་པའི་གྲགས་པ་ཡུལ་ཕྱོགས་ཀུན་དུ་རྒྱས།
རྒྱུས་ལོན་པ་ལྟར་ན་ཐེངས་འདིའི་དྭགས་པོ་སྟར་ཀའི་དུས་ཆེན་བསྡུས་པའི་དམིགས་ཡུལ་ནི་རྒྱ་ཚའི་སྟར་ཀའི་ཐོན་ལས་ཀྱི་འཕེལ་རྒྱས་ལ་གོང་སྤེལ་གྱི་སྟེགས་བུ་ཞིག་བསྐྲུན་པའི་ཁར། ལོ་ངོ་སྟོང་གི་སྟར་ཀའི་ཕ་ས་ཞེས་པའི་མཚོན་རྟགས་རིམ་གྱིས་བསྐྲུན་ནས། བོད་ལྗོངས་ཀྱི་སྟར་ཀ་སྤུས་ལེགས་ཀྱི་གཞི་རྟེན་བསྐྲུན་པ་དང་། རྒྱ་ཚའི་གནས་སྐོར་གྱི་མཚན་སྙན་གྲགས་ཇེ་རྒྱས་ཇེ་ལེགས་སུ་གཏོང་རྒྱུ་དེ་ཡིན་པ་རེད།