logo

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལོ་འཁོར་དྲུག་ཅུ་ལོན་པའི་དགའ་སྟོན་རྟེན་འབྲེལ་དུས་ཆེན་བསྡུས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-08-25 ཀློག་གྲངས།:


མཛད་སྒོའི་སྟེང་ཞུགས་པའི་འགོ་ཁྲིད་དང་སྐུ་མགྲོན་རྣམ་པ།

        ནམ་མཁའ་གཡའ་དྭངས་ཤིང་ས་གཞི་རྡུལ་དག་པའི་ཉིན་མོ་འདི་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལོ་འཁོར་དྲུག་ཅུ་ལོན་པའི་དགའ་སྟོན་དུས་ཆེན་བསུ་བའི་ཉིན་མོ་ཡིན།


ཁྱེད་རང་མཚོ་ལྷོར་ཕེབས་པར་དགའ་བསུ་ཞུ།

         ཟླ8པའི་ཚེས25ཉིན་གྱི་སྔ་དྲོ། ཀྲུང་གུང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པ་དང་མི་རིགས་མཐུན་སྒྲིལ་འཕེལ་རྒྱས་གཟེངས་བསྟོད་ཚོགས་ཆེན་དེ་ཁུལ་ལུས་རྩལ་ར་བ་རུ་གཟབ་རྒྱས་ངང་བསྡུས་ཤིང་། རིམ་པ་སོ་སོའི་འགོ་ཁྲིད་རྣམས་ཀྱིས་ཏང་ཀྲུང་དབྱང་དང་། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་། དེ་མིན་རོགས་སྐྲུན་སྤུན་གྲོགས་ཅང་སུའུ་ཞིང་ཆེན་བཅས་ཀྱི་འཚམས་འདྲི་དང་རྟེན་འབྲེལ་གྱི་སྨོན་འདུན་ཡུལ་དངོས་སུ་སྐྱེལ་ཡོང་ལ། མཚོ་ལྷོ་ཁུལ་གྱི་རིགས་སོ་སོའི་མང་ཚོགས་ཀྱིས་ལུས་ལ་གཟབ་མཆོར་སྤྲས་ཏེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པར་རྟེན་འབྲེལ་ཞུས་པ་རེད།


བྲོ་གར་འཁྲབ་སྟོན།

        མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཝུན་ཁོས་ཀྱིས་མགོ་རྩོམ་མཛད་སྒོར་མདོ་འཛིན་མཛད་ཅིང་།  ཀྲུང་དབྱང་འབྲེལ་ཡོད་ལས་ཁུངས་ཀྱི་སྨོན་ཞུས་རུ་ཁག་དང་། རྒྱལ་ཁབ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་འགོ་གཙོ་གཞོན་པ་ལོ་ལེ་མཱན་སོགས་འགོ་ཁྲིད་དང་། མཚོ་སྔོན་ཞིང་ཆེན་ཏང་སྲིད་འཐུས་ཚབ་པའི་རུ་ཁག   མཚོ་སྔོན་ཞིང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཅན་ཅུན་སོགས་སྐོར་དང་བཅས་པ། ཅང་སུའུ་ཞིང་ཆེན་ཏང་སྲིད་འཐུས་ཚབ་པ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ཁུལ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ།  དེ་མིན་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མགོ་ལོག་དང་། ཡུལ་ཤུལ། མཚོ་ནུབ། མཚོ་བྱང་། རྨ་ལྷོ་སོགས་འཐུས་ཚབ་རུ་ཁག་གི་འགོ་ཁྲིད་དང་སྐུ་མགྲོན། མཚོ་ལྷོ་ཁུལ་གྱི་འགོ་ཁྲིད་ཚན་ཆུང་བཞིའི་འགོ་ཁྲིད། ལས་རིགས་སོ་སོའི་ཆེད་མཁས་པ་དང་། ཤེས་ཡོན་པ་སོགས་འགོ་ཁྲིད་དང་སྐུ་མགྲོན་རྣམས་ཐེངས་འདིའི་མཛད་སྒོར་ཞུགས།


རེ་བའི་སྐར་མ་འོད་ཆེན།

        རྒྱལ་སྲིད་སྤྱི་ཁྱབ་ཁང་དང་མཚོ་སྔོན་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་འཕྲིན་ལམ་ནས་མཚོ་ལྷོ་ཁུལ་གྱི་ལས་རིགས་སོ་སོ་སྔར་ལས་ལེགས་པའི་གྲུབ་འབྲས་ལོན་པ་དང་། མཚོ་ལྷོའི་རིགས་སོ་སོའི་མི་དམངས་སྔར་ལས་ཕྱུག་འགྱུར་དང་བདེ་སྐྱིད་ལྡན་པའི་བཀྲ་ཤིས་སྨོན་འདུན་ཞུས།
        མཛད་སྒོའི་སྟེང་། མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་བསོད་ནམས་དོན་གྲུབ་ཀྱིས་གཏམ་བཤད་གནང་བ་དང་། མཚོ་ལྷོའི་ཁུལ་དཔོན་གཞོན་པ་ཝང་ཅན་མེན་གྱིས་མི་རིགས་མཐུན་སྒྲིལ་འཕེལ་རྒྱས་ཀྱི་སྔོན་ཐོན་ཐུན་མོང་དང་མི་སྒེར་དྲིལ་བསྒྲགས་དང་ཁོ་ཚོར་གཟེངས་བསྟོད་གནང་།


རྣམ་པར་བཀྲ་བའི་ཁྱིམ་གཞིས།

        དེར་མཐུད་དེ། མགོ་རྩོམ་མཛད་སྒོའི་གླུ་གར་འཁྲབ་སྟོན་ཆེ་གྲས《འཆམ་མཐུན་གླུ་གར》ཞེས་པ་དངོས་སུ་མགོ་བརྩམས་ཤིང་། དེར་ཚན་པ་དྲུག་ཏུ་དབྱེ་ཡོད་དེ།  《བཀྲ་ཤིས་པའི་རྔ་སྒྲ》དང་། 《གནའ་བོའི་རོལ་ཉམས》། 《གངས་ལྗོངས་ཀྱི་མཚར་རྣམ》། 《ས་གཞིའི་མཐུན་སྒྲ》། 《བཀྲ་ཤིས་པའི་སྐོར་བྲོ》སོགས་འདུས་པ་དང་། འཁྲབ་སྟོན་རྣམ་གྲངས10ལས《འཆམ་མཐུན་གླུ་གར》ཞེས་པའི་གཞི་རྩའི་སྒྲིག་གཞི་གྲུབ་ཅིང་། དུས་ཡུན་སྐར56དང་། འཁྲབ་སྟོན་པ་མི4300ལྷག་ཡོད། མཛད་སྒོའི་གླུ་གར་འཁྲབ་སྟོན་དག་ལས་མི་རྣམས་ལ་མཚོ་ལྷོའི་ལོ་རྒྱུས་རིག་གནས་དང་། འཚོ་རྣམ། རང་བྱུང་ཐོན་ཁུངས། འཕེལ་རྒྱས་ཀྱི་གྲུབ་འབྲས་སོགས་ཡོངས་སུ་ངོམས་པ་རེད།


མཚར་ཉམས་ལྡན་པའི་བྲོ་གར།

        ལོ་ངོ་དྲུག་ཅུའི་རིང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། དེ་ཡང་མཚོ་ལྷོའི་རིགས་སོ་སོའི་མི་དམངས་ཀྱིས་ངལ་རྩོལ་ཆེན་པོ་དང་ནམ་ཡང་ཞུམ་མེད་དུ་བརྩོན་པ་བསྐྱེད་དེ་མི་རྣམས་ཀྱི་སྤྱན་ལམ་དུ་ཤར་བའི་མཚར་སྡུག་རེ་རེ་བསྐྲུན་པར་བརྒྱུད། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་བླངས། ད་ལྟ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་དུས་བཟང་འདི་རུའང་། མཚོ་ལྷོ་མི་དམངས་ཀྱི་གོམ་སྟབས་ནམ་ཡང་འཇགས་མེད་པར་སྔར་བཞིན་འཕེལ་རྒྱས་ཀྱི་གོམ་ཁ་ཇེ་མགྱོགས་སུ་བཏང་སྟེ། ཕྱུག་འགྱུར་དང་། སྒོ་འབྱེད། སྐྱེ་ཁམས། འཆམ་མཐུན། བདེ་ལྡན་བཅས་ཀྱི་མཚོ་ལྷོ་གསར་བའི་དམིགས་ཡུལ་ཆེན་མོའི་ཕྱོགས་སུ་བསྐྱོད་པ་ཡིན།


བཀྲ་ཤིས་པའི་སྐོར་བྲོ།


འབྲེལ་ཡོད་འོས་སྦྱོར།