logo

མཚོ་ལྷོ་ཁུལ་གྱི་སྐབས་དང་པོའི་བོད་རིགས་གོས་རྒྱན་རིག་གནས་ཡུལ་སྐོར་དུས་སྟོན་མགོ་བརྩམས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-08-25 ཀློག་གྲངས།:

གོས་རྒྱན་འཁྲབ་སྟོན་བྱེད་པ།
དར་ཤིང་སྒྲེང་བ་དང་བསང་མཆོད་ཀྱི་འཁྲབ་ཚན།

        ཟླ8པའི་ཚེས24ཉིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར60ལོན་པའི་རྟེན་འབྲེལ་བྱ་འགུལ་གྱི་ཐོག་མའི་གཟིགས་འབུལ་ཏེ། མཚོ་ལྷོ་ཁུལ་གྱི་སྐབས་དང་པོའི་བོད་རིགས་གོས་རྒྱན་རིག་གནས་ཡུལ་སྐོར་དུས་སྟོན《སྲིད་པའི་མཆོར་ཉམས》ཞེས་པ་ཆབ་ཆ་གྲོང་རྡལ་ཤམ་བྷ་ལའི་ཐང་ཆེན་དུ་དངོས་སུ་མགོ་བརྩམས་པ་རེད།
        འདི་ནི་མཚོ་སྔོན་ཞིང་ཆེན་རིག་གནས་དང་གསར་འགྱུར་པར་སྐྲུན་ཐིན། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་དང་། མཚོ་ལྷོ་ཁུལ་རིག་གནས་ལུས་རྩལ་ཅུའུ་དང་མཚོ་ལྷོ་ཁུལ་ཡུལ་སྐོར་ཅུས་འགན་སྒྲུབ་གནང་ལ། ཀྲུང་དབྱང་སྨོན་ཞུས་རུ་ཁག་དང་། མཚོ་སྔོན་ཞིང་ཆེན་ཏང་སྲིད་དམག་གི་འཐུས་ཚབ་པ། མཚོ་ལྷོ་ཁུལ་ཏང་སྲིད་དམག་གི་འཐུས་ཚབ་པ། དེ་མིན་ཞིང་ཆེན་ཕྱི་ནང་གི་ཆེད་མཁས་པ་དང་ཤེས་ཡོན་པ་སོགས་གདན་འདྲེན་ཞུས་པ་ལྟར་མཛད་སྒོའི་སྟེང་ཞུགས་པ་རེད།
 


གོས་རྒྱན་འཁྲབ་སྟོན་བྱེད་པ།

        《སྲིད་པའི་མཆོར་ཉམས》ཞེས་པའི་མགོ་རྩོམ་མཛད་སྒོ་ནི་བོད་ཀྱི་དམངས་ཁྲོད་སྲོལ་རྒྱུན་རིག་གནས་ཏེ་དར་ཤིང་སྒྲེང་པ་དང་བསང་མཆོད་ཀྱི་རྣམ་པས་ཡོ་རས་ཕྱེས་ཤིང་། བོད་རིགས་མང་ཚོགས་ཀྱི་བག་ལ་ཞ་བའི་གདོད་མའི་མཆོད་བཀུར་དང་ཆོས་ལུགས་དད་མོས་ཀྱི་གོ་གནས་ངོམས་ཏེ་དགོང་ཚོགས་ཡོངས་སུ་གཟི་བརྗིད་དང་ངོ་མཚར་གྱི་ཁ་དབུགས་བསྐྱེད་པ་དང་།  དེ་ནས་གཅིག་རྗེས་གཉིས་མཐུད་དུ་མི་རིགས་ཀྱི་གྱོན་ཆས་འཁྲབ་སྟོན་གནང་ལ། ནང་སྒོས་སུ་ཁྱད་དུ་འཕགས་པའི་མཚོ་ལྷོའི་བོད་རིགས་གྱོན་ཆས་ནི་ས་ཁུལ་འདིའི་རྒྱུན་རིང་བའི་མཆོར་ཉམས་ལེགས་པོར་གྱུར་ཡོད་ཅིང་། མི་རབས་ནས་མི་རབས་སུ་ཡང་མོས་རྣམས་ཀྱིས་བཞག་པའི་གཅེས་ནོར་དང་ཕུན་སུམ་ཚོགས་པའི་གོས་རྒྱན་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱས། འདིས་བོད་རིགས་གོས་རྒྱན་རིག་གནས་ཀྱི་སྤྱི་མཐུན་སྦྱར་ཡོད་པར་མ་ཟད་ས་གནས་གོས་རྒྱན་གྱི་ཁྱད་འཕགས་དང་ཐུན་མོང་མ་ཡིན་པའང་རྒྱུན་བཟུང་ཡོད་པའི་ཁར། ཁྱད་འཕགས་གོས་རྒྱན་རིག་གནས་ཀྱི་མཛེས་སྡུག་ངོམས།


གོས་རྒྱན་འཁྲབ་སྟོན་བྱེད་པ།

        འདི་ལྟ་བུའི་བྱེད་སྒོ་སྒྲུབ་པའི་དམིགས་ཡུལ་ནི། མཚོ་ལྷོའི་ཕུན་སུམ་ཚོགས་པའི་གོས་རྒྱན་རིག་གནས་ཐོན་ཁུངས་དང་། ཉིན་རེར་འཕེལ་རྒྱས་སུ་འགྲོ་བའི་འཚོ་བའི་ཆུ་ཚད། འཛད་སྤྱོད་ཆེན་པོའི་འབྱོན་ནུས་སོགས་བེད་སྤྱོད་སྒོས་མི་རིགས་ཀྱི་ཁྱད་འཕགས་རིག་གནས་མཚན་རྟགས་སྐྲུན་རྒྱུ་དང་། མཚོ་ལྷོ་ཁུལ་འདི་ཉིད་མཚོ་སྔོན་བོད་ཁུལ་མི་རིགས་གོས་རྒྱན་གྱི་ཐོན་སྐྱེད་གནས་གཞི་གལ་ཆེན་དུ་འཛུགས་སྐྲུན་བྱ་རྒྱུ་དེ་ཡིན་ལ། དེའི་མཚུངས་སུ་གོས་རྒྱན་རིག་གནས་ཐོན་སྐྱེད་དང་ཡུལ་སྐོར། འབྲེལ་ཡོད་ཐོན་ལས་དབར་གྱི་མཐུན་སྦྱོར་སྔོན་སྐུལ་བྱེད་ཅིང་། བོད་རིགས་གོས་རྒྱན་རིག་གནས་ཐོན་ལས་སྔར་ལས་གཞི་རྒྱ་ཅན་དང་། ཐོན་ལས་ཅན་གྱི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་བྱེད་པ་ཡིན། དེ་མིན་མཚོ་ལྷོ་ཁུལ་གྱི་སྐབས་དང་པོའི་བོད་རིགས་གོས་རྒྱན་རིག་གནས་ཡུལ་སྐོར་དུས་སྟོན་སྤེལ་བ་འདིས། མཚོ་ལྷོའི་མི་དམངས་མང་ཚོགས་ལ་ས་གནས་ཀྱི་ཁྱད་འཕགས་གཟེངས་སུ་ཐོན་པའི་གོས་རྒྱན་རིག་གནས་ཀྱི་སྟེགས་བུ་བསྐྲུན་ཏེ་འཛམ་གླིང་མི་དམངས་ཀྱིས་མཚོ་ལྷོར་རྒྱུས་ལོན་བྱེད་དུ་འཇུག་པ་དང་། མཚོ་ལྷོ་སྔར་ལས་འཛམ་གླིང་དུ་བསྐྱོད་རྒྱུ་དེ་རེད།


འབྲེལ་ཡོད་འོས་སྦྱོར།