ལྷ་སའི་ས་ཁུལ་སོ་སོ་ན་འོང་སྐོར་དུས་ཆེན་ལ་རོལ་བཞིན་པ།

ལྷ་སའི་ས་ཁུལ་སོ་སོ་ན་འོང་སྐོར་དུས་ཆེན་ལ་རོལ་བཞིན་པ།
སྟོན་གྱི་དུས་ཚིགས་སླེབས་པ་དང་བསྟུན་ནས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་དང་ཆུ་ཤུར་རྫོང་སོགས་ས་ཁུལ་སོ་སོ་བསྟུད་མར་སྟོན་བསྡུའི་དུས་སུ་འཛུལ་ཞིང་། ཡུལ་ཚོ་དང་གྲོང་སྡེ་སོ་སོས་སྲོལ་རྒྱུན་གྱི་འོང་སྐོར་དུས་ཆེན་ལ་རོལ་ཏེ་ལོ་ལེགས་བསྡུ་བར་བསུ་བ་བྱེད།

ཉེ་སྔོན། ལྷ་སའི་སྟོང་ལུང་བདེ་ཆེན་མཚོ་སྨད་སྡེ་བས་དུས་ཡུན་ཉིན་བཞིའི་འོང་སྐོར་དུས་ཆེན་སྤེལ་ཞིང་། དུས་ཆེན་གྱི་ཉིན་དང་པོའི་སྔ་དྲོར། ཞིང་བ་རྣམས་ཀྱིས་ལག་ཏུ་སྙེ་མ་བཟུང་ནས་ཞིང་ཁར་སྐོར་བ་བྱས་ཏེ་ད་ལོར་ལོ་ལེགས་རྒྱས་པར་དགའ་སྤྲོས་བརྟས་པ་དང་། མཚོ་སྨད་སྡེ་བའི་སྡེ་མི་ཨུ་ཡོན་ལྷན་ཚོགས་ཀྱིས་སྡེ་མི་རྣམས་རྩ་འཛུགས་སྒོས་རྟ་རྒྱུག་དང་བོད་ཀྱི་ཟློས་གར་འཁྲབ་སྟོན་སོགས་བྱ་འགུལ་ཕུན་སུམ་ཚོགས་པ་སྤེལ་ཏེ་གཟིགས་མོ་བ5000ལྷག་གི་ཡིད་དབང་རབ་ཏུ་འཕྲོག་ལ། རྒྱ་ཆེའི་མང་ཚོགས་ཀྱིས་ལུས་ལ་མི་རིགས་ཀྱི་སྲོལ་རྒྱུན་གཟབ་མཆོར་སྤྲས་ཏེ་ལྷན་དུ་འོང་སྐོར་དུས་ཆེན་ལ་རོལ་བ་རེད།
