《མཚོ་ལྷོའི་སྐོར་བྲོ2》DVDའོད་སྡེར་ཉེ་ལམ་འགྲེམ་སྤེལ་བྱས་པ།

《མཚོ་ལྷོའི་སྐོར་བྲོ2》DVDའོད་སྡེར་ཉེ་ལམ་འགྲེམ་སྤེལ་བྱས།
ཉེ་ལམ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར60ལོན་པའི་རྟེན་འབྲེལ་དུས་ཆེན་ཐོན་ལ་ཉེ་བའི་སྐབས་འདིར། མཚོ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གིས་ཕབ་པའི《མཚོ་ལྷོའི་སྐོར་བྲོ2》དུས་ཡུན་ཟླ8ལ་སེམས་ཞིབ་མོས་ཇུས་འགོད་གསར་སྐྲུན་བྱས་པར་བརྒྱུད་ད་ལྟ་དངོས་སུ་འགྲེམ་སྤེལ་བྱས།
མཚོ་ལྷོ་མང་ཚོགས་སྒྱུ་རྩལ་ཁང་གིས་མི་རིགས་ས་ཁུལ་གྱི་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པར་འབད་བརྩོན་བྱས་ཏེ། ཞིང་ཆེན་ཕྱི་ནང་དུ་བོད་ཀྱི་སྒྲ་སྙན་རྡུང་ལེན་དང་། ལ་གཞས། དམངས་གླུ་འགྲན་བསྡུར་སོགས་བྱ་འགུལ་བདེ་བླག་ངང་སྤེལ་མྱོང་བ་མ་ཟད། 2008ལོར《མཚོ་ལྷོའི་སྐོར་བྲོ1》སྒྲིག་འཁྲབ་དང་འགྲེམ་སྤེལ་བྱས་ཏེ་རྒྱ་ཆེ་བའི་མང་ཚོགས་ཀྱི་དགའ་བསུ་རབ་ཏུ་ཐོབ་ཅིང་། ད་ལྟའི་བར་བོད་ཁུལ་གྱི་ས་ཆ་སོ་སོར་ཁྱབ་པ་མ་ཟད་ཞིང་ཆེན་ཕྱི་ནང་གི་བོད་ཁུལ་སློབ་གྲྭ་སོ་སོའི་ལུས་རྩལ་དང་རྒྱ་ཆེ་བའི་མང་ཚོགས་ཀྱི་ལུས་རྩལ་སྦྱོང་བརྡར་བྱ་འགུལ་ཞིག་ཏུ་གྱུར་ཡོད་པ་རེད།

《མཚོ་ལྷོའི་སྐོར་བྲོ2》DVDའོད་སྡེར།
ཉེ་ལམ། མཚོ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གིས་གསར་དུ་སྒྲིག་འཁྲབ་གསར་སྐྲུན་གནང་བའི《མཚོ་ལྷོའི་སྐོར་བྲོ2》ནིDVDའོད་སྡེར་རྣམ་པས་འགྲེམ་སྤེལ་བྱས་ཤིང་། འདིར་སྡོམ་པས《ཕ་ཡུལ་ཨ་མདོ》དང《ནས་འབྲུ་སྔོན་མོ》སོགས་གླུ་གཞས10བསྡུས་ཡོད་པ་དང་། ཆབ་འགག་རྡོ་རྗེ་ཚེ་རིང་དང་། འབྲུག་ལྷ་རྒྱལ། རིན་ཆེན་ནོར་བུ། རང་སྒྲ་བཅས་ཀྱིས་གཞས་ཚིག་བརྩམས་པ་དང་། འཇམ་བྷེ་དང་། གསང་བདག སྙིང་རྩེ་རྒྱལ་སོགས་ཀྱིས་དབྱངས་བརྩམས་ལ། མཚོ་ལྷོ་ས་ཁུལ་གྱི་མིང་གྲགས་གླུ་མ་བྱང་མོ་མཚོ་དང་སྙིང་རྩེ་རྒྱལ་སོགས་ཀྱིས་གླུ་གཞས་བླངས་པ་དང་། མཚོ་ལྷོ་ས་ཁུལ་གྱི་ཕུལ་བྱུང་བྲོ་གར་བ་དང་སྒྱུ་རྩལ་སྤྱི་ཁྱབ་འགན་འཛིན་པ་འཕགས་པ་སྐྱབས་ཀྱིས་འཁྲབ་ཁྲིད་བྱས། མི་འགྱངས་པར་སྙན་འཇེབས་ཀྱི་གླུ་གཞས་དང་གར་གྱི་སྟངས་སྟབས་སོགས་རྒྱ་ཆེིའི་མང་ཚོགས་ཀྱི་སྤྱན་སྔར་ཕུལ་རྒྱུ་ཡིན་པ་རེད།
རྒྱུས་ལོན་པ་ལྟར་ན། 《མཚོ་ལྷོའི་སྐོར་བྲོ2》ནི་སྔར་གྱི་མཚོ་ལྷོའི་སྐོར་བྲོའི་རྨང་གཞིའི་སྟེང་། ས་གནས་ཀྱི་དམངས་ཁྲོད་སྲོལ་རྒྱུན་རིག་གནས་དང་སྦྱར་ཏེ་སྒྲིག་འཁྲབ་གསར་སྐྲུན་བྱས་པ་ཡིན་ལ། 《མཚོ་ལྷོའི་སྐོར་བྲོ2》ཞེས་པའི་སྒྲིག་འཁྲབ་བྱ་བ་སྔར་ལས་མཐོར་འདེགས་སུ་གཏོང་བར། མཚོ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གིས་འབྲེལ་ཡོད་ཆེད་མཁས་པའི་བསམ་ཚུལ་དང་ལྟ་སྟངས་སོགས་དེང་ལེན་སྒོས་ཐེངས་འདིའི་སྐོར་བྲོའི་སྒྲིག་འཁྲབ་གསར་སྐྲུན་ཐད་ཡང་ནས་བསྐྱར་དུ་ལེགས་བཅོས་དང་ཞིབ་འཇུག་དང་། འཁྲབ་སྟོན་པ་ལེགས་འདེམ་བྱས་པ་མ་ཟད། 2013ལོའི་ཟླ7པར་ཁུལ་ཡོངས་རྫོང་དྲུག་གི་གནས་ཁམས་ཆེན་དང་མཛེས་ལྗོངས་ས་ཁུལ་སོགས་སུ་བསྐྱོད་དེ་ཕབ་སྐྲུན་བྱས་ཏེ་ཡོངས་སུ་ལེགས་འགྲུབ་བྱུང་།
མཚོ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གིས་གསར་དུ་སྒྲིག་འཁྲབ་གནང་བའི《མཚོ་ལྷོའི་སྐོར་བྲོ2》DVDའགྲེམ་སྤེལ་བྱས་པ་འདིས་མི་རིགས་འདིའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱེད་པ་དང་། མི་རིགས་ས་ཁུལ་གྱི་རིག་གནས་དང་གནས་སྐོར་ཐོན་ཁུངས་དྲིལ་སྒྲོག རྒྱལ་ཁབ་གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོབ་སོགས་ཀྱི་ཐད་ལ་དགེ་མཚན་ཆེན་པོ་བསྐྲུན་པ་རེད།
དེ་མིན། ཐེངས་འདིའི་མཚོ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གིས་སྒྲིག་འཁྲབ་གནང་བའི《མཚོ་ལྷོའི་སྐོར་བྲོ2》ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར60ལོན་པའི་རྟེན་འབྲེལ་དུས་ཆེན་གྱི་ལེགས་སྐྱེས་ཆེན་པོའི་ཚུལ་དུ། ཁུལ་བཙུགས་ནས་ལོ་འཁོར60ཡི་དུས་ཆེན་དུ་ཐོག་དང་པོར་ཕུལ་རྒྱུ་ཡིན་པ་རེད།
