མཚོ་སྔོན་གྱི་མི་རིགས་ལུས་རྩལ་འགྲན་ཚོགས་ཟླ8པའི་ཟླ་སྨད་དུ་གཏེར་ལེན་ཁ་ནས་བསྡུ་རྒྱུ།
གསར་འགྱུར་ཁྱབ་སྤེལ་ཚོགས་འདུའི་ཡུལ་དངོས།
ཉེ་སྔོན། མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་ལུས་རྩལ་འགྲན་ཚོགས་སྐབས་ལྔ་བའི་རྩ་འཛུགས་ཨུ་ཡོན་ལྷན་ཚོགས་དང་ཞིང་ཆེན་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གཉིས་མཉམ་འབྲེལ་སྒོས་གསར་འགྱུར་ཁྱབ་སྤེལ་ཚོགས་འདུ་བསྡུས་ཏེ་མཚོ་སྔོན་ཞིང་ཆེན་མི་རིགས་ལུས་རྩལ་འགྲན་ཚོགས་སྐབས་ལྔ་བའི་འབྲེལ་ཡོད་གནས་ཚུལ་བསྒྲགས་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་མི་རིགས་ལུས་རྩལ་འགྲན་ཚོགས་སྐབས་ལྔ་བ་ནི་ཟླ8པའི་ཚེས26ནས་ཚེས30བར་གཏེར་ལེན་ཁ་གྲོང་ཁྱེར་དུ་བསྡུ་རྒྱུ་ཡིན་ཞིང་། སྐབས་འདིའི་མི་རིགས་ལུས་རྩལ་འགྲན་ཚོགས་ནི་ཞིང་ཆེན་སྲིད་གཞུང་གི་ཆོག་མཆན་བརྒྱུད། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་གཙོ་སྒྲུབ་དང་། མཚོ་ནུབ་ཁུལ་གྱིས་འགན་སྒྲུབ་གནང་བ་ཡིན་ལ། མཐུན་སྒྲིལ་དང་འཆམ་མཐུན། དཔལ་ཡོན། སྔོན་སྐྱོད་བཅས་བརྗོད་དོན་དུ་བཟུང་སྟེ་མི་རིགས10ཡི་ལུས་རྩལ་པ1018འགྲན་བསྡུར་དུ་ཞུགས་པ་ཡིན།
སྐབས་དེར་ཟི་ལིང་གྲོང་ཁྱེར་དང་། མཚོ་ཤར་གྲོང་ཁྱེར། ཁུལ6དང་རྫོང6། དེ་མིན་དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་དང་། མཚོ་སྔོན་སློབ་ཆེན། མཚོ་སྔོན་དགེ་ཐོན་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན་བཅས་སྡོམ་པས་ཚབ་བྱེད་རུ་ཁག18འགྲན་བསྡུར་ལ་ཞུགས་རྒྱུ་ཡིན་པ་དང་། སྐབས་འདིའི་འགྲན་བསྡུར་ལ་སླེ་གྲུག་དང་། དྲག་རྩལ། ཐག་འཐེན། མི་རིགས་ཀྱི་མདའ་རྩེད། འཇུ་རེས། སྐྱ་རྩལ། གཡག་རྒྱུག་འགྲན་བསྡུར་སོགས་རྣམ་གྲངས་ཆེ་བ9ལས་ཆུང་བ55འདུས(སྐྱེས་པའི་སླེ་གྲུག་འགན་བསྡུར་དང་དྲག་རྩལ་འགྲན་བསྡུར་ནི་ཟླ8པའི་ཚེས10ནས་ཚེས15བར་སྤེལ་རྒྱུ)། མ་ཟད་འཁྲབ་སྟོན་གྱི་རྣམ་གྲངས་ཀྱང13ཡོད་པ་རེད།
མིག་སྔར། འགྲན་བསྡུར་གྱི་གྲ་སྒྲིག་བྱ་བ་རྣམས་བདེ་བླག་ངང་སྤེལ་བཞིན་ཡོད་ཅིང་། མཚོ་ནུབ་ཁུལ་གྱིས《མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་ལྔ་བའི་སྤྱིའི་འཆར་འགོད》ལྟར་ཕྱོགས་ཡོངས་ནས་འོས་འགན་སོ་སོ་དངོས་འབེབ་སྒོས་ལུས་རྩལ་འགྲན་ཚོགས་དུས་ལྟར་སྤེལ་བར་འགན་སྲུང་བྱེད་པ་རེད།