ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་འགན་འཛིན་པ་རྡོ་རྗེ་ཚེ་བརྟན་ཚེ་ལས་འདས།

རྒྱུས་ལོན་བྱུང་བ་ལྟར་ན། ཟླ7པའི་ཚེས6ཉིན། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་དེ་སྔའི་ཀྲུང་ཞིའམ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་དེ་སྔའི་བློ་འདྲི་ཡུལ། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་དེ་སྔའི་ཏང་རྩ་འཛུགས་ཧྲུའུ་ཅི་དང་སྤྱི་ཁྱབ་འགན་འཛིན་པ་རྡོ་རྗེ་ཚེ་བརྟན་ལུས་ལ་སྙུང་གཞི་ཕོག་སྟེ་ཚེ་ལས་འདས་ཤིང་དགོང་ལོ88ཡིན།

བློ་མཐུན་རྡོ་རྗེ་ཚེ་བརྟན་ཚེ་ནི1925ལོའི་ཟླ10བར་མཚོ་སྔོན་ཞིང་ཆེན་དགོན་ལུང་རྫོང་དུ་སྐྱེས་ཤིང་། སྔར་ཀྲུང་དབྱང་མི་དམངས་སྲིད་གཞུང་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་སྲིད་ཞིབ་ཚོགས་པའི་ཚོགས་གཙོ། བོད་དམངས་ཚོགས་པའི་ཚོགས་གཙོ། བོད་རང་སྐྱོང་ལྗོངས་ཞིང་ཕྱུགས་ཐིན་གྱི་འགོ་གཙོ། རིག་གནས་སློབ་གསོ་ཅུའུ་དང་སློབ་གསོ་ཅུའི་ཏང་རྩ་འཛུགས་ཧྲུའུ་ཅི། བོད་རང་སྐྱོང་ལྗོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་གྱི་དྲུང་ཡིག་ཆེན་མོ། ལྷ་ས་གྲོང་ཁྱེར་ཨུ་ཡོན་གྱི་ཧྲུའུ་ཅི་དང་པོ། བོད་རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ཨུ་དང་བོད་རང་སྐྱོང་ལྗོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་གྱི་ཀྲུའུ་རིན་གཞོན་པ་སོགས་ཀྱི་འགན་ཁུར། 1983ལོའི་ཟླ1པོར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་དང་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅིའི་འགན་གཅིག་ལྕོགས་སུ་ཁུར(སྐབས་དེར་ཧྲུའུ་ཅི་དང་པོ་ཞེས་མེད་པ)། 1985ལོའི་རྗེས་སུ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་བློ་འདྲི་ཡུལ་དང་། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་འགན་འཛིན་པ། ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲུའུ་ཅི་སོགས་ཀྱི་འགན་བཞེས། གཙོ་ཆེར་བོད་ཀྱི་ལོ་རྒྱུས(དེང་རབས་དང་ཉེ་རབས)ཞིབ་འཇུག་བྱེད་པ་ཡིན་ལ། 2004ལོའི་ཟླ4བར་ལས་འཕྱུར་ངལ་གསོ་བྱས།
ཁོང་གིས་སྔ་གཞུག་ཏུ《ཀྲུང་གོའི་བོད་རིག་པའི་ལོ་རྒྱུས་ཡིག་ཚགས་གཅེས་བསྡུས》དང་། 《ཡོན་རྒྱལ་རབས་ནས་བཟུང་བོད་ལྗོངས་ས་གནས་དང་ཀྲུང་དབྱང་སྲིད་གཞུང་བར་གྱི་ཡིག་ཚགས་ལོ་རྒྱུས་དཔྱད་ཡིག་གཅེས་བཏུས》། 《བོད་ལྗོངས་དཔལ་འབྱོར་ལོ་རྒྱུས་བསྡུས་བཤད》། 《བོད་ལྗོངས་ལོ་རྒྱུས་ཡིག་ཚགས་འདེམ་སྒྲིག》སོགས་ལོ་རྒྱུས་བརྩམས་ཆོས་དང་། རྩོམ་རིག་བརྩམས་ཆོས་ཐད་ནས《ཁྱི་མོ་ཐར》ཞེས་པ་དང་། 《རྡོ་རྗེ་ཚེ་རིང་གཅེན་སྲིང》། 《ང་རང་ལུ་གུ་ཞིག་ཡིན་ན་བསམ་བྱུང》། 《ང་དང་སྒྲོལ་དཀར་གསུམ》སོགས་མང་པོ་ཡོད་ཅིང་། དེ་ལས་བརྩམས་ཆོས་འགའ་ཤས་ནི་ཉི་ཧོང་དང་ཧྥ་རན་སིའི་སྐད་སོགས་སུ་བསྒྱུར་ཡོད་པ་རེད།
