བོད་ལྗོངས་སྙེ་མོ་ཐོན་པ་རིག་གནས་ཡུལ་སྐོར་མཛེས་ལྗོངས་ཁུལ་གཟབ་རྒྱས་ངང་ལས་གཉེར་འགོ་ཚུགས་པ།
བོད་ལྗོངས་སྙེ་མོ་ཐོན་པ་རིག་གནས་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་ལས་གཉེར་
འགོ་ཚུགས་པ།(པར་རིས་ཡོང་ཁུངས། མི་དམངས་དྲ་བ)
ཟླ6པའི་ཚེས20ཉིན་གྱི་སྔ་དྲོ། བོད་ལྗོངས་སྙེ་མོ་ཐོན་པ་རིག་གནས་ཡུལ་སྐོར་མཛེས་ལྗོངས་ཁུལ་གཟབ་རྒྱས་ངང་ལས་གཉེར་འགོ་ཚུགས་པའི་མཛད་སྒོ་སྤེལ། གནས་འདི་ནི་བོད་ཡིག་གསར་བཟོ་མཛད་པོ་ཐོན་མི་སམ་བྷོ་ཊའི་འཁྲུངས་ཡུལ་དང་། སྒོས་སུ་བོད་སྤོས་ཀྱི་ཕ་སའང་ཡིན། རྒྱལ་ཡོངས་ན་བོད་ཀྱི་སྐད་དང་ཡི་གེ་བརྗོད་དོན་ཀྱི་བཤམས་སྟོན་ཁང་ཐོག་མ་དང་། ཐོན་པ་གཞིས་ཀ རྒྱལ་ཁབ་དང་རང་སྐྱོང་ལྗོངས་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་རྣམ་གྲངས8ཀྱི་ནུས་རྩལ་འགྲེམ་སྟོན། ལོ་ངོ་སྟོང་ལྷག་ལ་རྒྱུན་འཛིན་བྱས་པའི་ཆུ་འཁོར་བོད་སྤོས་ལག་རྩལ་སོགས་ནི་མཛེས་ལྗོངས་ཁུལ་འདིའི་འོད་འཚར་ས་གཙོ་བོ་ཡིན།
རྒྱུས་ལོན་བྱུང་བ་ལྟར་ན། ཐོན་པ་མཛེས་ལྗོངས་ཁུལ་ནི་དུས་ཡུན་ལོ་གཅིག་ལྷག་གི་རིང་དངོས་སུ་ལེགས་འགྲུབ་བྱུང་། མིག་སྔར་འདི་ནི་ལྷ་ས་ནས་གཞིས་ཀ་རྩེ་བར་གྱི་ཡུལ་སྐོར་ལམ་ཐིག་ཏུ་ཡུལ་སྐོར་དང་། ཉོ་ཚོང་། བཟའ་བཏུང་བཅས་གཅིག་ཏུ་སྦྱར་བའི་མཛེས་ལྗོངས་ཁུལ་དུ་ངེས། མཛེས་ལྗོངས་ཁུལ་འདི་ལས་གཉེར་བྱས་པ་ལས་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱལ་ལ་སྣེ་ཁྲིད་དང་། ས་གནས་ཀྱི་བོད་སྤོས་བཟོ་སྐྲུན་དུད་ཁྱིམ200ལྷག་ལ་ཁེ་ཕན་མི་དམན་པ་བསྐྲུན།