མཚོ་སྔོན་བོད་སྐད་རླུང་འཕྲིན་ལ་གཞས་འགྲན་བསྡུར་གྱི་མཚོ་ནུབ་འགྲན་ཁུལ་མཇུག་སྒྲིལ་བ།

འགྲན་བསྡུར་ཡུལ་དངོས་ཀྱི་རྣམ་པ།
སྤྱི་ཟླ5བའི་ཚེས23ཉིན་གྱི་ཕྱི་དྲོའི་ཆུ་ཚོད2:00ཀྱི་སྟེང་། མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་སྐབས་གསུམ་པའི་དཔལ་བེའུ་རྟགས་མའི་ལ་གཞས་འགྲན་བསྡུར་མཚོ་ནུབ་འགྲན་ཁུལ་གྱི་འགྲན་བསྡུར་ཐེམ་ཆེན་རྫོང་གི་སྦྲ་ནག་གཡང་ཁྱིམ་ནས་སྤེལ།

གླུ་བ་གླུ་མ་རྣམས་ལྷན་དུ་པར་བླངས་པ།
ཐེངས་འདིའི་འགྲན་བསྡུར་ལ་མཚོ་ནུབ་མངའ་ཁོངས་ཀྱི་གླུ་བ་གླུ་མ19ལྷག་ཞུགས་ཡོད་ཅིང་། དཔྱད་འདེམས་པ་ལ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་རིག་རྩལ་ཚན་ཁག་གི་ཀྲུའུ་རིན་བསྟན་འཛིན་དང་། མཚོ་ནུབ་ཁུལ་བརྙན་འཕྲིན་ཁང་བོད་སྐད་ཚན་ཁག་གི་ཀྲུའུ་རིན་དོན་གྲུབ་ཚེ་རིང་། ཐེམ་ཆེན་རྫོང་ཆོས་ལུགས་ཅུའུ་ཡི་ཅུའུ་ཀྲང་གཞོན་པའམ་མུ་རི་གྲོང་བརྡལ་གྱི་གྲོང་གཙོ་གཞོན་པ་ཅ་པེ། ཐེམ་ཆེན་རྫོང་ལྷ་མཚོའི་འབྱུང་ཡུལ་གླུ་གར་ཚོགས་པའི་རྡུང་ལེན་པ་སྐལ་བཟང་རིན་ཆེན། དམངས་ཁྲོད་ཀྱི་གླུ་བ་བ་བཟང་བཅས་ཡིན་ལ། གླུ་བ་གླུ་མ་ཟུང་རེའི་དུས་ཚོད་གཅིག་ལྷག་གི་རིང་ཕན་ཚུན་ལ་ལ་གཞས་ལེན་རེས་བྱས་པ་དང་། འགྲན་ཞུགས་གླུ་བ་གླུ་མ་དག་གིས་ཉིན2རིང་གི་འགྲན་རྩོད་བརྒྱུད་གླུ་བ་གླུ་མ10གདམས་དོན་བྱུང་བ་གཤམ་གསལ་ལྟར། ལྷ་རེས། ཡུམ་མཆོག་སྐྱིད། རིན་ཆེན་མཚོ། རིག་འཛིན་རྡོ་རྗེ། གཡུང་དྲུང་འཚོ། བསམ་འགྲུབ། སྟག་འབུམ་རྒྱལ། བཀྲ་ཤིས་བདེ་ལེགས། ཆོས་དབྱིངས། ཀླུ་རྒྱལ་བཅས་རེད།
གོང་གསལ་གྱི་གླུ་བ་གླུ་མ10དེ་ལུགས་གསར་གྱི་ཟླ6པའི་ཚེས7ཉིན་མཚོ་སྔོན་པོ་རྒྱ་ཡེ་རྩྭ་ཐང་ནས་བསྡུ་རྒྱུ་ཡིན་པའི་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་སྐབས་གསུམ་པའི་དཔལ་བེའུ་རྟགས་མའི་ལ་གཞས་འགྲན་བསྡུར་གྱི་བསྐྱར་འགྲན་དང་རྟིང་རྩོད་འགྲན་བསྡུར་ལ་ཞུགས་རྒྱུ་རེད།
