མཚོ་བོད་མཐོ་སྒང་གི་ཁོར་ཡུག་དང་རི་ཆུའི་ཤེས་རིག་སྐོར་གྱི་དཔྱད་གཞིའི་གྲོས་ཚོགས་བསྡུས་པ།

ཚོགས་ཡུལ་དངོས།
ཟླ4བའི་ཚེས27ནས་ཚེས28ཉིན་བར། མཚོ་བོད་མཐོ་སྒང་གི་ཁོར་ཡུག་དང་རི་ཆུའི་ཤེས་རིག་སྐོར་གྱི་དཔྱད་གཞིའི་གྲོས་ཚོགས་ལན་གྲུ་རུ་བསྡུས་ཤིང་། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་པ་བློ་བཟང་ལྷུན་གྲུབ་རྡོ་རྗེས་གྲོས་ཚོགས་ལ་མདོ་འཛིན་མཛད། ཐེངས་འདིའི་གྲོས་ཚོགས་ཀྱི་དམིགས་ཡུལ་གཙོ་བོ་ནི་རིག་གཞུང་འབྲེལ་འདྲིས་བརྒྱུད་ཞིབ་འཇུག་གི་ཁ་ཕྱོགས་ཐག་གཅོད་པ་དང་། དཔྱད་གཞི་ཞིབ་འཇུག་གི་འཕེལ་ཚད་མགྱོགས་སུ་གཏོང་རྒྱུ་དེ་ཡིན་པ་རེད། མཚོ་སྔོན་དང་། ཀན་སུའུ། ཡུན་ནན། སི་ཁྲོན་བཅས་བོད་ཁུལ་གྱི་ཞིང་ཆེན་བཞིའི་དཔྱད་གཞི་ཞིབ་འཇུག་གི་ལས་འགན་བཞེས་པའི་ཆེད་མཁས་པ་དང་ཤེས་ཡོན་པ། ཡན་ལག་དཔྱད་གཞིའི་འགན་ཁུར་བ་རྣམས་ཀྱིས་མིག་སྔར་དཔྱད་གཞི་འདིའི་འཕེལ་ཚད་ཀྱི་གནས་ཚུལ་སྙན་ཞུ་བྱས་ཤིང་། ཚོགས་ཐོག་སྙན་ཞུ་ཕུལ་བའི་དཔྱད་གཞི་ཞིབ་འཇུག་གི་གནས་ཚུལ་ཐད་ནས་བགྲོ་གླེང་དང་། དཔྱད་གཞིའི་སྔོན་འགྲོ་འཐུས་ཚང་དང་དེའི་སྐོར་གླེང་མོལ་བྱས་པ་མ་ཟད། རིམ་རྗེས་མའི་འཆར་གཞི་དང་ཇི་ལྟར་བཀོད་སྒྲིག་ཐད་ལ་ཐག་གཅོད་གནང་།

བློ་བཟང་ལྷུན་གྲུབ་རྡོ་རྗེ་ལགས་ཀྱིས་མདོ་འཛིན་མཛད་པ།
མཚོ་བོད་མཐོ་སྒང་གི་ཁོར་ཡུག་དང་རི་ཆུའི་ཤེས་རིག་སྐོར་གྱི་དཔྱད་གཞིའི་ཡང་སྙིང་ནི་རིག་གནས་མིའི་རིགས་རིག་པ་དང་། སྤྱི་ཚོགས་ཁོར་ཡུག་རིག་པའི་ལྟ་སྟངས་ལས་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་། སྒོས་སུ་རི་ཆུའི་ཤེས་རིག་ཞིབ་འཇུག་བྱེད་ཅིང་། བོད་ཀྱི་སྲོལ་རྒྱུན་རིག་གནས་མཚོན་སྟངས་དང་འགྱུར་ལྡོག་གི་རྒྱུ་རྐྱེན་སོགས་སྔོག་འདོན་དང་། དེས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཐེབས་པའི་ཤུགས་རྐྱེན་བཅས་ཡིན། དཔྱད་གཞི་འདི་ནི་བོད་ལྗོངས་དང་བོད་ཁུལ་གྱི་ཞིང་ཆེན་བཞིས་ཁུལ་རེར་པོད་རེའི་ལུགས་ལྟར། ལྷ་རི་དང་ལྷ་མཚོ་རྐྱང་བར་འགོད་པའི་རིགས་དབྱེ་ལྟར་སྒྲིག་རྩོམ་བྱེད་པ་ཡིན་ལ། མིག་སྔར་དཔྱད་གཞི་འདི་རྩོམ་སྒྲིག་དང་ཞིབ་འཇུག་བྱེད་པའི་སྒང་ཡིན།
