logo

ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་གླག་རྒོད་རྟགས་མའི་ལྒང་ལི་འགྲན་སྡུར་གྱི་བྱ་འགུལ་སྤེལ།

རྩོམ་པ་པོ།:སྟག་རིག་འབྲུག་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-11-28 ཀློག་གྲངས།:

     སྤྱི་ཟླ11པའི་ཚེས19ནས་ཚེས25བར། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་་སློབ་གྲྭའི་ལུས་རྩལ་བྱ་འགུལ་བདེ་ཐང་ངང་འཛུགས་སྐྲུན་བྱ་བར་སྐུལ་འདེད་དང་། སློབ་གྲོགས་ཚོའི་སློབ་ཕྱིའི་བྱ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད། བརྩོན་འགྲུས་གླིང་གི་དམའ་གཉིས་ཚན་ཁག་གིས་སློབ་རའི་ལྒང་རྩེད་ར་བ་རུ་2018ལོའི་གླག་རྒོད་རྟགས་མའི་ལྒང་ལི་འགྲན་སྡུར་གྱི་བྱ་འགུལ་སྤེལ།
     ལྒང་ལི་འགྲན་སྡུར་མགོ་མ་བརྩམ་གོང་དུ། འཛིན་གྲྭ་སོ་སོའི་འཛིན་བདག་གི་སྣེ་སྟོན་བཟང་བོའི་འོག་ཏུ། ལྒང་ལི་འགྲན་སྡུར་ཁྲོད་མཉམ་འབྲེལ་བྱེད་སྟངས་དང་ཕ་རོལ་འགོག་ཚུལ། ལྒང་ལི་འཕེན་སྟངས་སོགས་སྦྱོང་བརྡར་རབ་དང་རིམ་པ་བྱས་པ་མ་ཟད། ཤན་འབྱེད་དགེ་རྒན་དག་གིས་འཛིན་གྲྭ་ཕན་ཚུན་བར་མཐུན་སྒྲིལ་ཡོད་དགོས་པ་དང་། ལྒང་རྒྱག་པ་རང་སྟེང་གི་ནུས་པ་ཡོད་ཚད། ཆུ་ཚད་བཟང་བོ་མངོན་པར་ཕུད་དགོས་ལ། ལྒང་རྒྱག་གི་ལྭ་བ་གཅིག་གྱུར་བྱེད་དགོས་པའི་བླང་བྱ་བཏོན།

     གཟའ་འཁོར་གཅིག་རིང་གི་འགྲན་སྡུར་ཁྲོད་དུ་སློབ་གྲོགས་འགྲན་ཞུགས་པ་རྣམས་ཀྱིས་མཛའ་བརྩེ་དང་པོ་དང་འགྲན་སྡུར་གཉིས་པའི་མཆོད་ཚིག་ལྟེ་གནས་སུ་བཟུང་སྟེ་འགྲན་སྡུར་བྱས་པ་མ་ཟད། འགྲན་སྡུར་གྱི་གོ་རིམ་ཁྲོད་དུ་སློབ་མ་ཚོས་རང་རང་འཛིན་གྲྭའི་ཁོག་དཔུང་ལ་རྒྱ་བསམས་ཏེ་སྟོབས་ཤུགས་ཡོད་དགུ་རྩལ་དུ་བཏོན་ཞིང་ལྟ་མཁན་སློབ་བུ་ཚོས་ཀྱང་རང་རང་འཛིན་གྲྭའི་ཐུན་མོང་སྟོབས་ཤུགས་ཀྱི་ཆེད་དུ་ཧུར་ཐག་བྱེད་དགོས་པའི་འབོད་ཚིག་མཐོན་པོས་ངར་ཤུགས་བསྩལ།

     གཟའ་འཁོར་གཅིག་རིང་གི་ཛ་དྲག་དང་འཁྲུག་ཆའི་འགྲན་རྩོད་ཀྱི་རྔུལ་ཆུའི་ཁྲོད་ནས་ཐོག་མའི་རིམ་པ་དང་ཐ་མའི་རིམ་པ་སོགས་འགྲན་ཐེངས་བཅོ་ལྔ་བརྒྱུད། དགེ་རྒན་རྣམ་པའི་དྲང་བཞག་དང་འདྲ་མཉམ། གཟུར་མེད་ཀྱི་ཤན་འབྱེད་འོག་འཛིན་གྲྭ་ལྔ་བས་བྱ་དགའ་ཨང་དང་པོ་བླངས་པ་དང་། འཛིན་གྲྭ་བཞི་བས་ཨང་གཉིས་པ། འཛིན་གྲྭ་དང་པོས་བྱ་དགའ་ཨང་གསུམ་པ། འཛིན་གྲྭ་གསུམ་པས་རྟིང་སྐུལ་བྱ་དགའ་བཅས་བླངས།

     རེབ་འདིའི་བྱ་འགུལ་བརྒྱུད། འཛིན་གྲྭ་སོ་སོའི་ཐུན་མོང་གི་ཆིག་སྒྲིལ་སྟོབས་ཤུགས་དང་ན་གཞོན་ལོ་ཆུང་རྣམས་ཀྱིས་ལྒང་ལིའི་ལུས་རྩལ་ལ་བཟུང་བའི་རྣམ་འགྱུར། ལྒང་ལིར་དགའ་བའི་མོས་པ་གསལ་བོར་མངོན། སློབ་སྦྱོང་འཚོ་བའི་ཁྲོད་ནས་མེད་དུ་མི་རུང་བ་ནི་ལུས་ཕུང་སྦྱོང་བརྡར་ཡིན་ལ། སེམས་ཤུགས་བརྟན་པོས་རང་ཉིད་ཀྱི་ནུས་འཇོན་སྔོག་འདོན་བྱ་རྒྱུའང་གཙོ་བོ་ཡིན་པས། དགེ་རྒན་རྣམས་ཀྱིས་ཀྱང་སློབ་གསེང་དུས་ཚོད་བེད་སྤྱད་དེ་སློབ་མ་ཚོའི་དགའ་ཕྱོགས་སྐྱེད་སྲིང་དང་ནུས་པ་གསོ་སྐྱོང་བྱས་ཏེ་སློབ་གྲོགས་ཕན་ཚུན་བར་གྱི་འབྲེལ་འདྲིས་དང་བརྩེ་བ་ཇེ་ཟབ་ཏུ་གཏོང་རྒྱུ་གལ་ཆེ་བར་སྙམ།


འབྲེལ་ཡོད་འོས་སྦྱོར།