ཀོང་པོའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཞིབ་འཇུག་ལ་བྱ་དགའ་ཐོབ་པ།
ལོ་ལྔའི་རིང་ལ་སི་ཁྲོན་ཞིང་ཆེན་ནགས་ལས་ཚན་རིག་ཞིབ་འཇུག་གླིང་གིས་འགོ་འཛིན་བྱས་ནས་ལེགས་འགྲུབ་བྱུང་བའི་བོད་ལྗོངས་ཀོང་པོའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཞིབ་འཇུག་ཅེས་པའི་ལས་གཞི་དེར2013ལོའི་བོད་ལྗོངས་ཀྱི་ཚན་རྩལ་ཡར་ཐོན་བྱ་དགར་ཡང་བསྐྱར་གྲོས་ཞིབ་བྱེད་པའི་ཁྲོད། བོད་ལྗོངས་ཚན་རྩལ་ཡར་ཐོན་གྱི་བྱ་དགའ་ཨང་དང་པོ་ཐོབ་པ་རེད། དཔྱད་འབྲས་འདིས་བོད་ལྗོངས་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་དང་སྲུང་སྐྱོབ་འཛུགས་སྐྲུན་གྱི་འཕེལ་རྒྱས་ཀྱི་མཐོ་ཚད་གསར་བ་ཞིག་མཚོན་པ་དང་། རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པས། བོད་ལྗོངས་ཀྱི་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པའི་མཛུབ་སྟོན་དང་སྐུལ་སྤེལ་གྱི་ནུས་པ་ཐོན་པ་རེད།
རྒྱུས་ལོན་པ་ལྟར་ན་བོད་ལྗོངས་ཀོང་པོའི་རང་བྱུང་སྲུང་སྐྱོབ་ཁུལ་ནི2003ལོར་བསྐྲུན་པ་དང་། དེ་ནི་བོད་ལྗོངས་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ཞིག་ཡིན་པ་རེད། རང་བྱུང་ཁུལ་དེ་བོད་ལྗོངས་ཉིང་ཁྲི་ས་ཁུལ་གྱི་ཡར་ཀླུང་གཙང་པོའི་སྨད་རྒྱུད་དང་། གཉན་ཆེན་ཐང་ལྷ་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་བར་དུ་མངའ་ཞིང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ21558.16ཡོད་པ་རེད། 2008ལོའི་ཟླ3པར་བོད་ལྗོངས་ཉིང་ཁྲི་ས་ཁུལ་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུའུ་ཡི་མངག་བཅོལ་ལྟར་སི་ཁྲོན་ཞིང་ཆེན་ནགས་ལས་ཚན་རིག་ཞིབ་འཇུག་གླིང་གིས་བོད་ལྗོངས་ཀོང་པོའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ཕྱོགས་བསྡུས་རྟོག་ཞིབ་ཀྱི་འགན་འཁྲི་དང་ལེན་བྱས་པ་རེད།