གདུགས་དཀར་ཡག“སེམས་ཀྱི་འགྲུལ་བཞུད”ཅེས་པའི་རོལ་ཚོགས་སུ་ཞུགས་པ།
གདུགས་དཀར་ཡག“སེམས་ཀྱི་འགྲུལ་བཞུད”ཅེས་པའི་རོལ་ཚོགས་སུ་ཞུགས་པ།
ཟླ3པའི་ཚེས29ཉིན། “སེམས་ཀྱི་འགྲུལ་བཞུད”ཅེས་པའི་རོལ་ཚོགས་དེ་པེ་ཅིང789སྒྱུ་རྩལ་ཁུལ་གྱི“པདྨ་མེ་ཏོག”སྒྱུ་རྩལ་ལྟེ་གནས་སུ་སྤེལ་ཞིང་། གདན་འདྲེན་ཞུས་པ་ལྟར་གདུགས་དཀར་ཡག་ཐེངས་འདིའི་རོལ་ཚོགས་སུ་ཞུགས་པ་རེད།
རྒྱུས་ལོན་པ་ལྟར་ན། ཁོ་རང་འདུས་པའི་དེ་སྔའི་མ་སྐྱེས་ཨ་མའི་རུ་ཚོགས་ནི་མི་ལྔ་ལས་གྲུབ་པ་ཡིན་ཞིང་། ཁོ་ཚོའི་ཁྱད་དུ་འཕགས་པའི་གླུ་གཞས་འཁྲབ་སྟོན་ལ་མི་རྣམས་ཀྱིས་ཁས་ལེན་དང་གདེང་འཇོག་མི་དམན་པ་ཐོབ་མྱོང་། གདུགས་དཀར་ཡག་ཐེངས་འདིའི་རོལ་ཚོགས་སྟེང་ཞུགས་པ་ནི་ཡང་བསྐྱར་སྔར་གྱི་མ་སྐྱེས་ཨ་མའི་རུ་ཚོགས་ཀྱི་ཚོགས་མི་དང་མཉམ་འབྲེལ་བྱས་པ་ཡིན་ཞིང་། རོལ་ཚོགས་འདིའི་སྟེང་དུ་བོད་ཀྱི་གཞས་ཚོགས་སུ་བླངས་མྱོང་བའི《ཨ་ཁུ་པདྨ》དང་། 《པོ་ཏ་ལ》སོགས་གླུ་གཞས་གསུམ་བསྐྱར་ལེན་བྱས།
མ་སྐྱེས་ཨ་མའི་རུ་ཚོགས་ནི་བོད་རིགས་ཀྱི་སྲོལ་རྒྱུན་རོལ་ཆས་དང་དེང་རབས་རོལ་མོ་ཟུང་དུ་སྦྲེལ་བའི་རུ་ཚོགས་ཤིག་ཡིན་ཞིང་། ཁོ་ཚོའི་ཁྱད་འཕགས་རང་བཞིན་ནི་མི་ལྔ་བོས་མི་རིགས་གཞན་གྱི་གྷི་ཊཱར་དང་། ཧྥེ་གླིང་གི་རྔ། དེ་མིན་བོད་ཀྱི་རྒྱུད་དྲུག་མ། མན་ཐོ་ལིན་སོགས་རོལ་ཆས་སྣ་ཚོགས་སྤྱོད་ནུས་པ་མ་ཟད་སོ་སོས་རྡུང་ཤེས་ཤིང་འཁྲབ་ཀྱང་ཤེས་ཀྱི་ཡོད། གདུགས་དཀར་ཡག་ནི་རུ་ཚོགས་ཀྱི་གཙོ་ལེན་པ་དང་མན་ཐོ་ལིན་དཀྲོལ་མཁན་དང་། ཡུན་ནན་སེམས་ཀྱི་ཉི་ཟླ་རྫོང་གི་སྐལ་བཟང་ནོར་བུས་བོད་ཀྱི་རོལ་ཆས་ཏེ་པུ་ཝང་དཀྲོལ་བར་སྤྲོ་ལ། བོད་ལྗོངས་ལྷོ་ཁ་ནས་ཡིན་པའི་ཕུར་ཆུང་ཚེ་རིང་ནི་སྒྲ་བརྙན་རྡུང་བར་དད་པ་དང་། ཞིན་ཅང་གི་སོག་པོ་པཱ་དབྱི་ཨར་ཐཱ་ཧྲི་ཅན་གྱིས་གྷི་ཊཱར་དཀྲོལ་ཞིང་། ཆེད་དུ་གདན་ཞུ་བྱས་པའི་དམངས་ཁྲོད་རྔ་དཀྲོལ་མཁན་ཀོང་པོ་ཡིས་རུ་ཚོགས་འདིའི་རྔ་དཀྲོལ་བའི་འགན་བླངས་ཡོད་པ་རེད།
2013ལོར་ཁོ་ཚོས་སྔར་ལས་ལྷག་པར་མཉམ་འབྲེལ་བྱས་ཏེ་བོད་ཀྱི་རོལ་གཞས་ལེགས་པོ་ཕུལ་འཆར་ཡོད་པ་རེད།