སྐབས21པའི་སྲོང་བཙན་བུམ་པའི་གཟེབ་གྲུག་འགྲན་ཚོགས་འགོ་བརྩམས་པ།
སྐབས21པའི་སྲོང་བཙན་བུམ་པའི་གཟེབ་གྲུག་འགྲན་ཚོགས་འགོ་བརྩམས་པ།
ཟླ3པའི་ཚེས30ཉིན། སྲུང་བཙན་བུམ་པའི་རྩ་འཛུགས་ཨུ་ཡོན་ལྷན་ཚོགས་ཀྱིས་གཙོ་སྒྲུབ་དང་། ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གིས་རོགས་སྒྲུབ་གནང་བའི་སྐབས21པའི་སྲོང་བཙན་བུམ་པའི་གཟེབ་གྲུག་འགྲན་ཚོགས་པེ་ཅིང་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་རུ་གཟབ་རྒྱས་ངང་སྤེལ་ཞིང་། པེ་ཅིང་ན་ཡོད་པའི་སློབ་ཆེན་སོ་སོ་དང་ལས་ཁུངས་ཀྱི་བོད་རིགས500ཡས་མས་ཐེངས་འདིའི་མཛད་སྒོར་ཞུགས།
རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་འགྲན་བསྡུར་ལ་སྐྱེས་པ་དང་སྐྱེས་མའི་རུ་ཁག41ཡོད་ཅིང་། དེ་ལས་ལས་ཁུངས་ཀྱི་ཐད་ནས་མི་དམངས་དྲ་བ(སྨྱན་བྱད་རུ་ཁག)དང་། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས། རྒྱལ་ཁབ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུའུ། ཀྲུང་གོའི་བོད་སྐད་ཡིག་སྡེ་ཁག་མཐོ་རིམ་ནང་བསྟན་སློབ་གླིང་། མི་རིགས་དཔེ་སྐྲུན་ཁང་སོགས་རུ་ཁག8དང་། སློབ་མའི་རུ་ཁག་གི་ཐད་ནས་ཀྲུང་དབྱང་མི་རིགས་སློབ་ཆེན་དང་། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་སློབ་ཆེན། པེ་ཅིང་འགྲིམ་འགྲུལ་སློབ་ཆེན། པེ་ཅིང་ལུས་རྩལ་སློབ་ཆེན་སོགས་རུ་ཁག30ལྷག་འདུས།
ཐེངས་འདིའི་སྤོ་ལོའི་འགྲན་བསྡུར་ནི་ཟླ3པའི་ཚེས30ཉིན་ནས་ཟླ4པའི་ཚེས28ཉིན་བར་ཡིན་པ་དང་། འགྲན་ཞུགས་རུ་ཁག་རྣམས་ཁག་བགོས་ཏེ་སྤོ་ལོ་འགྲན་ཐེངས་སོ་སོར་བརྒྱུད་དེ་བྱ་དགའི་ཨང་རིམ་འགྲན་པ་དང་། བྱ་དགའ་ཐོབ་པའི་སྤོ་ལོའི་རུ་ཁག་ལ་གཟེངས་རྟགས་ཀྱི་བྱ་དགའ་གནང་རྒྱུ་ཡིན་པ་རེད།
བཙན་པོ་སྲུང་བཙན་སྒམ་པོའི་མཚན་གསོལ་བའི་ལུས་རྩལ་འགྲན་ཚོགས་འདི་ནི1991ལོར་སྤེལ་འགོ་བརྩམས་ཏེ་ད་ལྟའི་བར་སྐབས20ལ་སླེབས་པ་དང་། དེར་སྤྱི་ཚོགས་ཀྱི་བྱམས་ལྡན་མི་སྣ་དང་འབྲེལ་ཡོད་ལས་ཁུངས་ཀྱི་རྒྱབ་སྐྱོར་མི་དམན་པ་ཐོབ་མྱོང་སྟེ། སྒོས་སུ་དེ་སྔའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་ཨུ་ཡོན་ཀྲང་གཞོན་པའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ང་ཕོད་ངག་དབང་འཇིགས་མེད་ཀྱི་གཟིགས་རྟོགས་དང་རྒྱབ་སྐྱོར་གནང་བ་མ་ཟད་སྲུང་བཙན་བུམ་པར་ཕྱག་བྲིས་ཀྱང་གནང་ཡོད་པ་ཡིན།