logo

《བཀྲ་ཤིས་གཡང་མདའ》ཞེས་པའི་གློག་བརྙན་གྱི་འཁྲབ་གཞུང་བགྲོ་གླེང་ཚོགས་འདུ་ཟི་ལིང་དུ་བསྡུས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-04-01 ཀློག་གྲངས།:

《གཡང་མདའ》ཞེས་པའི་གློག་བརྙན་གྱི་འཁྲབ་གཞུང་གླེང་སྟེགས་ཚོགས་འདུ་ཟི་ལིང་དུ་བསྡུས།
《བཀྲ་ཤིས་གཡང་མདའ》ཞེས་པའི་གློག་བརྙན་གྱི་འཁྲབ་གཞུང་བགྲོ་གླེང་ཚོགས་འདུ་ཟི་ལིང་དུ་བསྡུས།

        ཟླ3པའི་ཚེས30ཉིན། 《བཀྲ་ཤིས་གཡང་མདའ》ཞེས་པའི་གློག་བརྙན་གྱི་འཁྲབ་གཞུང་བགྲོ་གླེང་ཚོགས་འདུ་གནའ་མཁར་ཟི་ལིང་དུ་བསྡུས་ཤིང་། འཁྲབ་ཁྲིད་པ་པདྨ་ཚེ་བརྟན་དང་། མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཚན་ཧྲི་ཁང་གི་ཚན་ཧྲི་ཞེ་ཙོའོ། དེ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་སྲིད་གཞུང་ཚན་ཧྲི་ཁང་གི་ཚན་ཧྲི་ཕུ་ཝུན་ཁྲིན། དེ་མིན་ཞིང་ཆེན་རིག་གནས་དང་གསར་འགྱུར་པར་སྐྲུན་ཐིན་དང་། ཞིང་ཨུའི་དྲིལ་སྒྲོག་པུའུ། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་བཅས་ཀྱི་འབྲེལ་ཡོད་ཆེད་མཁས་པ་དང་ཤེས་ཡོན་པ།  གཅན་ཚ་རྫོང་སྲིད་གཞུང་གི་འགོ་ཁྲིད་གཙོ་ཤོས་དག་ཐེངས་འདིའི་གླེང་སྟེགས་ལ་ཞུགས་པ་རེད།
        གཙན་ཚ་རྫོང་ནི་གཡང་མདའི་ཕ་ས་ཡིན་ཞིང་། 2007ལོར། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས“ཀྲུང་གོའི་མི་རིགས་མདའ་རྩལ་གྱི་ཕ་ས”ཞེས་པའི་མཚན་བཟང་གསོལ་ལ། ལོ་འདི་འགའི་རིང་གི་འཕེལ་རྒྱས་བརྒྱུད“བཀྲ་ཤིས་གཡང་མདའ”ཞེས་པའི་འགྲན་རྩལ་འདི་ཞིང་ཆེན་རིམ་པ་དང་རྒྱལ་ཁབ་རིམ་པ་ནས་རྒྱལ་སྤྱིའི་རིམ་པ་རུ་རིམ་སྤར་བྱེད་ཐུབ་པ་བྱུང་བ་དང་། རྒྱལ་ཁབ་ཕྱི་ནང་དུ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད།


གཅན་ཚ་རྫོང་གི་འགོ་ཁྲིད་ཀྱིས་བཀྲ་ཤིས་གཡང་མདའ་ཞེས་པའི་འཁྲབ་གཞུང་གི་ཐད་ནས་གླེང་མོལ་བྱེད་པ།

        《བཀྲ་ཤིས་གཡང་མདའ》ཞེས་པའི་གློག་བརྙན་འདི་གཅན་ཚ་བོད་རིགས་ཀྱི་གནའི་སྲོལ་རྒྱུན་རིག་གནས་ཏེ་ལོ་རྒྱུས་ཀྱི་འགྱུར་བ་ལས་བྱུང་བའི་འོད་སྟོང་འབར་བའི་རིག་གནས་བརྗོད་གཞིར་བཟུང་ཞིང་གཡང་མདའི་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩལ་གདན་འགྲན་ལས་གཏམ་རྒྱུད་ཀྱི་མགོ་གླེང་བ་དང་། གློག་བརྙན་སྒྱུ་རྩལ་གྱི་ཁྱད་ཆོས་དངོས་དང་སྦྱར་ནས་ཁྱད་དུ་འཕགས་པའི་སྲོལ་རྒྱུན་རིག་གནས་ཀྱི་རྣམ་གྲངས་འདི་ཉིད་སྔར་ལས་ཤུགས་རྐྱེན་ཟབ་པ་དང་སྤུས་རྟགས་ཀྱི་རིན་ཐང་དོད་པོ་སྒོས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་འདི་དར་སྤེལ་དང་སྲུང་སྐྱོབ་བྱེད་ཐུབ་པར་དགེ་མཚན་མི་དམན་པ་སྐྲུན་ངེས། ཚོགས་ཞུགས་ཆེད་མཁས་པ་དང་འགོ་ཁྲིད་རྣམ་པས《བཀྲ་ཤིས་གཡང་མདའ》ཞེས་པའི་གློག་བརྙན་གྱི་འཁྲབ་གཞུང་ལ་ཁས་ལེན་གནང་བ་དང་ཆབས་ཅིག་ལེགས་བཅོས་བྱེད་དགོས་སའི་ཐད་ནས་བསམ་འཆར་ཡང་ལེགས་པོ་བཏོན།
        གློག་བརྙན་འདི་ནི་གཅན་ཚ་རྫོང་མི་དམངས་སྲིད་གཞུང་གིས་མ་དངུལ་བཏང་བ་དང་། པེ་ཅིང་ཧི་མ་ལ་ཡ་གློག་བརྙན་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་ཟིས་སྒྲིག་བཟོའི་འགན་བླངས་ཤིང་། བསྡོམས་པས་མ་དངུལ་སྒོར་ཁྲི960བཏང་།  དེ་ཡང《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》དང《དྲི་མེད་ཀུན་ལྡན་འཚོལ་བ》སོགས་རྒྱལ་ཁབ་ཕྱི་ནང་དུ་ཤུགས་རྐྱེན་ཟབ་མོ་ཐེབས་པའི་གློག་བརྙན་གྱི་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས《བཀྲ་ཤིས་གཡང་མདའ》ཞེས་པའི་གློག་བརྙན་འཁྲབ་ཁྲིད་བྱ་རྒྱུ་ཡིན་པ་དང་། འཆར་གཞི་ལྟར་ན་ད་ལོའི་ཟླ9བར་ཕབ་སྐྲུན་མགོ་རྩོམ་རྒྱུ་ཡིན་པ་རེད།


འབྲེལ་ཡོད་འོས་སྦྱོར།