ས་སྐྱ་དགོན་གྱིས་གློག་རྡུལ་དཔེ་ཀློག་ཁང་གྲབས་འཛུགས་བྱས་ཏེ་དཔྱད་ཡིག་དང་རིག་དངོས་སྲུང་བ།
ས་སྐྱ་དགོན།
གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ་ས་སྐྱ་དགོན་གྱིས་ཆོས་དཔེ་ཆེན་མོ་དང་། དཔེ་རྙིང་འཚག་སེལ། ཡིག་ཚགས་སུ་ཉར་འཇོག གློག་རྡུལ་དཔེ་ཀློག་ཁང་གྲབས་འཛུགས་བཅས་བྱེད་པའི་ལས་ལ་གཞོལ་གྱི་ཡོད་ཅིང་། རྗེས་ཕྱོགས་མི་རྣམས་ཀྱིས་ཙི་རྟགས་མནན་པ་ཙམ་གྱིས་འགངས་ཆེ་བའི་དཔྱད་གཞི་ཡིག་ཚགས་འདི་དག་ལྟ་ཀློག་བྱེད་ཐུབ་ངེས།
ས་སྐྱ་དགོན་གྱིས2011ལོའི་ཟླ3པ་ནས་གློག་རྡུལ་ཡིག་ཚགས་ཉར་བའི་བྱ་བའི་འགོ་བཙུགས་པ་དང་། ས་སྐྱ་དགོན་པའི་དམངས་གཉེར་དོ་དམ་ཨུ་ཡོན་ལྷན་ཁང་གི་རྒྱུན་ཨུའི་འགོ་གཙོ་གཞོན་པ་བློ་གྲོས་རྒྱ་མཚོས་མཚམས་སྦྱོར་གནང་བ་ལྟར་ན། མིག་སྔར་ས་སྐྱ་དགོན་གྱིས་ཆོས་དཔེ་དང་གནའ་དཔེ་སོགས་དཔྱད་གཞིའི་ཡིག་ཚགས་ཁྲི4.5ལྷག་ཉར་ཡོད་པ་དང་། ད་ལྟའི་བར་གློག་རྡུལ་ཡིག་ཚགས་ཀྱི་དེབ2000ལྷག་ལེགས་ཉར་བྱུང་ཡོད་པ་རེད།
བློ་གྲོས་རྒྱ་མཚོས་བསྟན་དོན། ས་སྐྱ་དགོན་གྱིས་ད་དུང་དགོན་པའི་གནའ་བོའི་ལྡེབས་རིས་སོགས་གློག་རྡུལ་ཡིག་ཚགས་སུ་ཉར་འཆར་ཡོད་པ་མ་ཟད་གློག་རྡུལ་དཔེ་ཀློག་ཁང་དུ་བཞག་སྟེ། ཡུལ་སྐོར་བ་རྣམས་ལ་སྟབས་བདེ་བསྐྲུན་པ་མ་ཟད་རིག་དངོས་སྲུང་སྐྱོབ་ལའང་དགེ་མཚན་ཆེན་པོ་ལྡན་ལ། ཨང་ཀི་ཅན་གྱི་ཐབས་ཤེས་སྤྱད་དེ་གནའ་དགོན་ས་སྐྱ་དགོན་པར་ཕྱོགས་ཡོངས་ནས་ཨང་ཀི་ཅན་གྱི་ཤུལ་བཞག་ཅིག་འཇོག་ནུས་ན་སྙམ་ཟེར།
རྒྱུས་ལོན་པ་ལྟར་ན། བོད་ལྗོངས་སེ་ར་དགོན་སོགས་དགོན་པའི་ཁག་ཏུའང་འབྲེལ་ཡོད་ལས་དོན་སྤེལ་གྱི་ཡོད་པར་གྲགས།