logo

མ་བུ་བདེ་སྲུང་བྱ་བའི་སྤྱི་སྡོམ་དང་ཇུས་འགོད་བགྲོ་གླེང་གྲོས་ཚོགས་བསྡུས་པ།

རྩོམ་པ་པོ།:བསོད་རྡོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-10-09 ཀློག་གྲངས།:

མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་དུ་བསྡུས་པའི་གྲོས་ཚོགས།
ཚོགས་རའི་ཟུར་ཞིག

        ཉེ་ཆར། དུས་ཡུན་ཉིན་གཉིས་ལྷག་ཡིན་པའི་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་མ་བུ་བདེ་སྲུང་བྱ་བའི་སྤྱི་སྡོམ་དང་ཇུས་འགོད་གྲོས་ཚོགས་དེ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་དུ་བསྡུས། གྲོས་ཚོགས་སྟེང་མཚོ་སྔོན་དང་བོད་ལྗོངས། ཟི་ཁྲོན། ཀན་སུའུ་སོགས་ས་ཁུལ་གྱི་བོད་ཀྱི་སོག་རིག་ལས་ཐོགས་བྱ་བ་སྒྲུབ་མཁན་གྱི་དགེ་རྒན་དང་སྨན་པ། བོད་སྨན་ཞིབ་འཇུག་ལས་ཀ་སྒྲུབ་མཁན་གྱི་མི་སྣ40ལྷག་ཞུགས་ཡོད་པར་མ་ཟད། ད་དུང་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང༌། མཚོ་སྔོན་ཨ་རུ་བོད་སྨན་སྡེ་ཚོགས། མཚོ་སྔོན་སྐུ་འབུམ་དགོན་པའི་བོད་སྨན་ཁང༌། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་འཕྲོད་བསྟེན་ཅུའུ་སོགས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣ་རྣམས་ཞུགས་ཡོད།
         གྲོས་ཚོགས་སྟེང་གཙོ་སྒྲུབ་ལས་ཁུངས་ཀྱི་འགན་ཁུར་མི་སྣས་བོད་ཁུལ་གྱི་མི་ལུས་བདེ་སྲུང་བྱ་བ་ཡར་རྒྱས་གོང་སྤེལ་གཏོང་བ་དང༌། ཁྱད་པར་དུ་བུད་མེད་དང་བྱིས་པའི་བདེ་སྲུང་བྱ་བ་ལེགས་པར་སྒྲུབ་ཆེད། དུས་རབས་20པའི་ལོ་རབས90པ་ནས་བཟུང༌། མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གིས་མ་བུ་བདེ་སྲུང་དང་འབྲེལ་པའི་ལས་གཞི་ཆེ་ཆུང་གང་མང་ཞིག་སྤེལ་ནའང༌།  འཆར་འགོད་བཟང་བོ་ཞིག་གི་ཚོད་འཛིན་ལ་མ་བརྟེན་པས་གྲུབ་འབྲས་ཡིད་ཚིམ་པ་ཞིག་མ་ལོན་པ་རེད།


ཚོགས་ཞུགས་ཆེད་མཁས་པ་རྟ་མགྲིན་རྒྱལ(གཡོན)དཀོན་མཆོག་རྒྱལ་
མཚན(དཀྱིལ)དཔལ་ལྡན་འཕྲིན་ལས(གཡས)

         གནས་ཚུལ་འདིར་དམིགས་ནས། མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གིས་སྤྱི་ལོ2001ལོ་ནས་བཟུང༌བོད་ཕྱི་སྨན་གཞུང་ལ་ནང་བྱན་ཆུད་པའི་འབུམ་རབས་པ་དཀོན་མཆོག་རྒྱལ་མཚན་ལགས་ཀྱི་ཐུན་མོང་འཕྲོད་བསྟེན་རིག་པའི་རྩ་བའི་རིག་པ་དང༌། སློབ་གྲྭ་ཆེན་མོའི་འགན་ནུས། བོད་ཀྱི་མ་བུ་བདེ་སྲུང་གི་གནས་ཚུལ་དངོས་དང་བསྟུན་ནས། བདེ་ཐང་སྲུང་ཐབས་རིམ་པ་སུམ་འབྲེལ་ཞེས་པའི་རིགས་པ་གཏན་ལ་ཕབ་སྟེ་བདེ་སྲུང་བྱ་བའི་སྒྲོམ་གཞིར་བཟུང་ནས་མ་བུ་བདེ་སྲུང་བྱ་བ་གོ་རིམ་ཅན་སྒྲུབ་ཡོད་པའི་སྐོར་ནས་ཚོགས་ཞུགས་མི་སྣར་སྙན་སེང་ཞུ།  བདེ་ཐང་སྲུང་ཐབས་རིམ་པ་སུམ་འབྲེལ་ཞེས་པ་ནི་སྤྱི་ཚོགས་ཀྱི་རིམ་པ་དང༌། སྡེ་བའི་རིམ་པ། ཁྱིམ་ཚང་གི་རིམ་པ་གསུམ་འབྲེལ་བའི་སྒོ་ནས་བདེ་སྲུང་གི་ལས་གཞི་སྒྲུབ་པ་སྟེ། སྤྱི་ཚོགས་ཀྱི་རིམ་པར་རང་བྱུང་བུ་བཙའ་ལྟེ་གནས་འཛུགས་པ་དང༌། སློབ་གྲྭའི་རྨང་གཞི་འཛུགས་སྐྲུན་ཇེ་བཟང་དུ་གཏོང་བ། འཕྲོད་བསྟེན་སློབ་གསོའི་སློབ་དེབ་དང་ཡིག་ཆ་སྒྲིག་པ། བྱིས་པའི་ཀློག་དེབ་རྩོམ་སྒྲིག་བྱེད་པ་སོགས་ཡིན།  སྡེ་བ་རིམ་པར་ཕྲུ་གུ་སྐྱེ་བསུ་བ་དང༌། བདེ་ཐང་སློབ་གསོ་སྤྲོད་མཁན།  སློབ་གྲྭའི་དགེ་རྒན་སྐྱེད་སྲིང་བྱེད་པ་སོགས་ཡིན། ཁྱིམ་ཚང་གི་རིམ་པར། བདེ་སྲུང་ཤེས་བྱ་ཁྱབ་སྒྲོག་བྱེད་པ་དང༌། སློབ་ཞུགས་ཀྱི་ཚད་ཇེ་མཐོར་གཏོང་བ། བུད་མེད་རྣམས་རང་གི་འགན་ནུས་ལ་བརྟེན་ནས་གནད་དོན་ཐག་གཅོད་ལས་ལ་འཇུག་པར་བྱེད་པ་སོགས་ཡིན་པས། མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གིས་ལོ་ངོ་བཅུའི་ཚུན་ལ། སྤྱི་ཚོགས་རིམ་པའི་མ་བུ་བདེ་སྲུང་བྱ་བ་སྟེ། 2006ལོ་ནས་བཟུང༌། རེབ་གོང་བུ་བཙའ་ལྟེ་གནས་འཛུགས་སྐྲུན་གྱི་ལས་གཞི་དངོས་ལ་ཞུགས་ཤིང༌། སྤྱི་ལོ2009ལོར་དངོས་སུ་ལེགས་པར་གྲུབ་སྟེ། ད་ལྟའི་བར་བྱིས་པ་བཙས་གྲངས1400ལྷག་ལ་བརྒལ་ཡོད་པ་རེད།


འགོ་ཁྲིད་དང་ཚོགས་ཞུགས་ཆེད་མཁས་པ་རྣམས་རེབ་གོང་བུ་
བཙའ་ལྟེ་གནས་སུ་ལྟ་སྦྱོང་དུ་ཕྱིན་པ།

         མ་བུ་བདེ་སྲུང་སྐོར་གྱི་སློབ་དེབ་བསྒྲིགས་པ་སྟེ། མ་བུ་བདེ་སྲུང་གི་ཤེས་བྱ་དང༌། བྱིས་པ་བཙའ་ཐབས་ཀྱི་ལག་ལེན་ཞེས་པ་གཉིས་དཔར་སྐྲུན་བྱས་ཡོད་ལ། ཆེད་མཁས་པས་བཤད་པ་ལྟར་ན། སློབ་དེབ་འདི་གཉིས་བོད་ཀྱི་མ་བུ་བདེ་སྲུང་དང་འབྲེལ་བའི་བྱ་བའི་ཕྱོགས་ཡོངས་ལ་མཛུབ་སྟོན་བྱེད་ཐུབ་པའི་ཡིག་ཆའི་མཛོད་ཆེན་པོ་ཞིག་ཏུ་ངོས་བཟུང་ཆོག་ཟེར།   སྡེ་བ་རིམ་པའི་མ་བུ་བདེ་སྲུང་བྱ་བའི་ཐད་ནས། 2004ལོ་ནས་སྔ་གཞུག་ཏུ་རྨ་ལྷོ་དང་མཚོ་ལྷོ་ས་ཆར་ཕྲུ་གུ་སྐྱེ་བསུ་དང༌། སྡེ་བའི་སྨན་པ། བུད་མེད་ལྷན་ཚོགས་ཀྱི་འགན་འཛིན་པ།  འཆར་ལྡན་བུ་སྐྱེའི་ལས་གཉེར་བ་སོགས་གསོ་སྦྱོང་ཐེངས5ལྷག་སྒྲུབ་ནས།མི169ལྷག་ལ་བྱིས་པའི་བདེ་སྲུང་དང༌། སྦྲུམ་མའི་ བདེ་སྲུང༌། བྱིས་པ་བཙའ་ཐབས། རྒྱུན་མཐོང་མོ་ནད་དང་བྱིས་ནད་སྐོར་གྱི་སློབ་ཁྲིད་དང་དངོས་སྦྱོང་བྱས་ནས་འཛིན་ཡིག་སྤྲད།  ཁྱིམ་ཚང་རིམ་པའི་མ་བུ་བདེ་སྲུང་བྱ་བའི་ཐད་ནས། སྤྱི་ལོ2007ལོ་ནས2011ལོའི་བར་དུ། ལོ་རེར་སློབ་གླིང་གི་སློབ་མ60རེ་བདམས་ནས།  སྡོམ་པས་ཐེངས་རེར་བོད་ལྗོངས་དང༌།  མཚོ་སྔོན། ཀན་སུའུ། ཟི་ཁྲོན་གྱི་བུད་མེད3000ལྷག་ལ་ཉེར་མཁོའི་བདེ་ཐང་སློབ་གསོ་སྤྲད་པས། ད་ལྟའི་བར་བུད་མེད15000ལྷག་ལ་བདེ་ཐང་སློབ་གསོ་སྤྲོད་ཐུབ་པར་གྱུར་ཡོད། བོད་ཀྱི་མ་འོངས་བ་ནི་ད་ལྟའི་བྱིས་པར་རག་ལས་ཡོད་ལ།ད་ལྟའི་བྱིས་པའི་བདེ་ཐང་ཡང་ཨ་མའི་བདེ་ཐང་དང་སློབ་གསོར་རག་ལས་ཡོད་པས། རིམ་པ་སུམ་འབྲེལ་གྱི་ཐབས་འདིར་ཡང་མ་བུ་བདེ་སྲུང་དང་སློབ་གསོ་གཉིས་གཙོ་བོར་བཟུང་ཡོད།
         གྲོས་ཚོགས་སྟེང༌། ཚོགས་ཞུགས་པ་དང༌། གཙོ་སྒྲུབ་འགན་ཁུར་མི་སྣས་མིག་སྔའི་རྨང་གཞིའི་སྟེང་རྗེས་ཕྱོགས་མ་བུ་བདེ་སྲུང་བྱ་བ་ཇི་ལྟར་སྒྲུབ་དགོས་པ་དང་ཇི་ལྟར་ཁྱབ་གདལ་གཏོང་བ།    ཇི་ལྟར་འཐུས་ཚང་དུ་གཏོང་དགོས་པའི་སྐོར་ནས་བགོ་གླེང་དང་བསམ་འཆར་བརྗེ་རེས་བྱས་པ་མ་ཟད། ད་དུང་ཚོགས་ཞུགས་མི་སྣ་རེབ་གོང་བུ་བཙའ་ལྟེ་གནས་སུ་ལྟ་སྦྱོང་དུ་སོང་ནས་བུ་བཙའ་ལྟེ་གནས་ཀྱི་  ལས་ཀ་དངོས་ལ་རྒྱུས་ལོན་བྱས་ཤིང༌། ཚང་མས་ལས་གཞི་འདིར་ཁས་ལེན་དང་ཁག་ཐེག་བྱས་ཏེ་མུ་  མཐུད་རྒྱ་བསྐྱེད་དང་འཐུས་ཚང་དུ་གཏོང་དགོས་པའི་སྐོར་གྱི་བསམ་པ་བསྟན།
         ཐེངས་འདིའི་གྲོས་ཚོགས་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གིས་གཙོ་སྒྲུབ་བྱས་པ་དང༌། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་དང༌། མཚོ་སྔོན་ཞིང་ཆེན་སྐུ་འབུམ་དགོན་པའི་བོད་སྨན་ཁང༌།  ཐུན་རིན་ས་ཁུལ་རང་བྱུང་བུ་བཙའ་ལྟེ་གནས་བཅས་ཀྱིས་མཐུན་སྒྲུབ་བྱས་ཤིང༌། ཨ་རི་འཚོ་བྱེད་ཐེབས་རྩ་ཚོགས་པས་རོགས་སྒྲུབ་བྱས་པ་རེད།  


འབྲེལ་ཡོད་འོས་སྦྱོར།