logo

“2012ལོར་གེ་སར་ཕ་ཡུལ་དུ་བསྐྱོད”ཅེས་པའི་བྱ་འགུལ་སི་ཁྲོན་སྡེ་དགེ་ནས་སྤེལ་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-09-27 ཀློག་གྲངས།:

2012格萨尔故里行”活动启动
“2012ལོའི་གེ་སར་ཕ་ཡུལ་དུ་བསྐྱོད་པ”ཞེས་པའི་བྱ་འགུལ་གྱི་འགོ་རྩོམ་མཛད་སྒོ་བསྡུ་བའི་ཡུལ་དངོས།
རྒྱལ་ཡོངས་ཀྱི《གེ་སར》བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་ཀྲུའུ་རིན་ནོར་བུ་དབང་ལྡན་ལགས་ཀྱིས་གསུང་བཤད་གནང་བཞིན་པ།

  ཟླ9བའི་ཚེས25ཉིན། རྒྱལ་ཡོངས་ཀྱི་གེ་སར་ཞིབ་འཇུག་ཆེད་མཁས་པ་དང་རིག་གནས་པ། དཀར་མཛེས་ཁུལ་གྱི་གེ་སར་རིག་གནས་སྲུང་སྐྱོབ་པ། བོད་ཁུལ་གྱི་དམངས་ཁྲོད་གེ་སར་སྒྱུ་རྩལ་པ་ཁག་ཅིག  སྨྱན་བྱད་གསར་འགོད་པ་སོགས་ལྷན་ཏུ་འཛོམས་ནས“2012ལོའི་གེ་སར་ཕ་ཡུལ་དུ་བསྐྱོད”ཅེས་པའི་བྱ་འགུལ་གྱི་འགོ་རྩོམ་མཛད་སྒོའི་སྟེང་ཞུགས་པ་རེད། ཁོང་ཚོས་གནས་འདི་རུ་གླིང་གེ་སར་རྒྱལ་པོའི་ཞབས་རྗེས་སྙེག་ནས་དཀར་མཛེས་ཁུལ་གྱི་ཡུལ་ཁོངས་སུ་མཉམ་དུ་གེ་སར་གནས་ཤུལ་འཚོལ་ཞིབ་བྱས་ཏེ་གེ་སར་གྱི་ཕ་སའི་རྫོངས་སྟུག་ཅིང་ཁྱད་དུ་འཕགས་པའི་དམངས་སྲོལ་གོམས་གཤིས་ཉམས་སུ་མྱངས།
  འགོ་རྩོམ་མཛད་སྒོའི་སྟེང་རྒྱལ་ཡོངས་ཀྱི《གེ་སར》བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་ཀྲུའུ་རིན་ནོར་བུ་དབང་ལྡན་ལགས་ཀྱིས་གསུང་བཤད་གནང་བ་སྟེ། གླིང་གེ་སར་རྒྱལ་པོའི་སྒྲུང་དེ་འགྲོ་བ་མིའི་རིགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་ཐོ་རུ་བདམས་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་དམངས་ཁྲོད་རིག་གནས་ཀྱི་གྲུབ་འབྲས་རླབས་པོ་ཆེ་ཞིག་ཡིན་པའི་ཁར། རང་རྒྱལ་གྱི་མི་རིགས་རིག་གནས་སྣ་མང་ཅན་གྱི་ལོ་རྒྱུས་བདེན་དཔང་ཡིན། དེར་མ་ཟད་གླིང་གེ་སར་རྒྱལ་པོའི་སྒྲུང་ནི་བོད་མི་རིགས་ཀྱི་གཞི་རྩའི་རིག་གནས་དང་། དམངས་ཁྲོད་ཀྱི་བློ་གྲོས། དམངས་ཁྲོད་ཀྱི་དད་མོས་བཅས་ཀྱི་མཚོན་ཐབས་གཙོ་བོ་ཞིག་ཀྱང་ཡིན། དཀར་མཛེས་ཁུལ་ནི་གེ་སར་རིག་གནས་ཀྱི་ཕ་ས་དང་གེ་སར་རིག་གནས་ཕུན་སུམ་ཚོགས་པའི་གནས་ཤིག་ཡིན་ཞིང་། དཀར་མཛེས་ཁུལ་གྱིས་དུས་དང་རྣམ་པ་ཀུན་ཏུ་གེ་སར་རིག་གནས་ལ་སྲུང་སྐྱོབ་གང་ལེགས་བྱས་ནས་གྲུབ་འབྲས་མངོན་སུམ་བླངས་འདུག   ཐེངས་འདིའི་བྱ་འགུལ་བརྒྱུད་ནས་གེ་སར་རིག་གནས་དེ་ཡིད་དུ་འོང་བའི་ཡུལ་གྲུ་འདིར་སྔར་ལས་གོང་སྤེལ་དར་རྒྱས་འབྱུང་ངེས་ལ། མུ་མཐུད་དུ་རྒྱལ་ཡོངས་དང་འཛམ་གླིང་ལ་ཁ་ཕྱོགས་ཏེ་འགྲོ་བ་མིའི་རིགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་མི་རབས་ནས་མི་རབས་བར་ཉམས་མེད་གོང་སྤེལ་དུ་འགྲོ་ངེས་ཞེས་བརྗོད་པ་རེད།

  
ཟློས་གར་འཁྲབ་སྟོན་བྱེད་བཞིན་པ།

ཟློས་གར་འཁྲབ་སྟོན་བྱེད་བཞིན་པ།

  འགོ་རྩོམ་མཛད་སྒོའི་སྟེང་ཨ་ཕྱུག་རྩྭ་ཐང་བཙུན་མ་དགོན་པ་ནས་ཡོང་བའི་བཙུན་མ་རྣམས་ཀྱིས《འཁྲུངས་གླིང་མེ་ཏོག་ར་བ》དང་། 《རྟ་རྒྱུག་རྒྱལ་འཇོག》 《བདུད་འདུལ》 《ཧོར་གླིང་གཡུལ་འགྱེད》སོགས་ཀྱི་ཟློས་གར་འཁྲབ་སྟོན་བྱས།


འབྲེལ་ཡོད་འོས་སྦྱོར།