logo

མཚོ་བོད་མཐོ་སྒང་ཕྱུགས་རིགས་སྤོ་འཚོའི་རིག་གནས་ཀྱི་སྐྱེ་ཁམས་དངོས་སྙིང་བགྲོ་གླེང་ཚོགས་འདུ་བསྡུ་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-08-27 ཀློག་གྲངས།:

         རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་སྲུང་སྐྱོབ་རྒྱལ་སྤྱི(FFI)ཀྲུང་གོའི་འབྲོག་སའི་རྩྭ་ཞེས་པའི་ལས་གཞི་ཡིས་གཙོ་སྒྲུབ་གནང་བའི་མཚོ་བོད་མཐོ་སྒང་ཕྱུགས་རིགས་སྤོ་འཚོའི་རིག་གནས་ཀྱི་སྐྱེ་ཁམས་དངོས་སྙིང་བགྲོ་གླེང་ཚོགས་འདུ་དེ་ཟླ9བའི་ཚེས15ནས་ཚེས16བར་མཚོ་སྔོན་ཟི་ལིང་དུ་ཚོགས་རྒྱུ་ཡིན་པ་རེད།
         རྒྱུས་ལོན་པ་ལྟར་ན། ཚོགས་འདུ་རུ་མགོ་ལོག་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལྡོང་ནོར་སྡེ་དང་། མགོ་ལོག་ཁུལ་འཇིགས་མེད་རྒྱལ་མཚན་ཕན་བདེ་སློབ་གྲྭའི་སློབ་གཙོ་འཇིགས་མེད་རྒྱལ་མཚན། རྨ་འབྱུང་བོད་རིགས་སྐྱེ་ཁམས་རིག་གནས་སྲུང་སྐྱོབ་དང་ལུས་གསོ་བདེ་ཐང་མཐུན་ཚོགས་ཀྱི་འཇམ་དབྱངས་རྒྱ་མཚོ། ནུབ་བྱང་མི་རིགས་སློབ་ཆེན་བོད་རིག་པའི་གླིང་གི་དགེ་རྒན་ཆེན་མོ་སྐལ་བཟང་ཚེ་བརྟན། དཀར་མཛེས་ཁུལ་དམངས་སྲོལ་ཞིབ་འཇུག་པ་སྐལ་བཟང་ཆོས་འཕེལ། བོད་ལྗོངས་སྤྱི་ཚོགས་ཚན་རིག་གླིང་གི་འབུམ་རམས་པ་དཔལ་འབྱོར་སོགས་སྤྱི་ཚོགས་རིག་གནས་ཤེས་ཡོན་པ10ལྷག་དང་ལས་རིགས་ནང་ཁུལ་གྱི་མིང་གྲགས་ཆེད་མཁས་པ་དག་གདན་འདྲེན་ཞུས་ཏེ་མཚོ་བོད་མཐོ་སྒང་གི་སྲོལ་རྒྱུན་ཕྱུགས་རིགས་སྤོ་འཚོའི་རིག་གནས་ཀྱིས་རྩྭ་སའི་སྐྱེ་ཁམས་མ་ལག་ལ་ཐེབས་པའི་དངོས་སྙིང་ཐད་ནས་བགྲོ་གླེང་མཛད་རྒྱུ་རེད། 
         བགྲོ་གླེང་ཚོགས་འདུ་རུ་སྲོལ་རྒྱུན་ཕྱུགས་རིགས་སྤོ་འཚོའི་རིག་གནས་ལ་སྐྱེ་ཁམས་ཀྱི་དོན་སྙིང་ག་འདྲ་ཡོད་པ་དང་། སྐྱེ་ཁམས་འཆམ་མཐུན་གྱི་ད་ལྟའི་སྤྱི་ཚོགས་སུ་ཐབས་ལམ་གང་འདྲ་ཞིག་ལ་བརྒྱུད་དེ་སྲོལ་རྒྱུན་གྱི་ཕྱུགས་རིགས་སྤོ་འཚོའི་རིག་གནས་ཀྱིས་རང་སྟེང་གི་ཞབས་ཞུ་རིན་ཐང་མངོན་པ། ཇི་ལྟར་བྱས་ཏེ་རྒྱ་ཆེ་བའི་འབྲོག་དམངས་ཀྱིས་ཕྱུགས་རིགས་སྤོ་འཚོའི་རིག་གནས་ཀྱི་སྲོལ་བཟང་ངོས་འཛིན་དང་རྒྱུན་འཛིན་ལེགས་པོ་བྱེད་པ་སོགས་ཀྱི་སྐོར་ནས་བགྲོ་གླེང་བྱ་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།