2012ལོའི་བོད་ཀྱི་ལ་གཞས་འགྲན་སྡུར་སྐབས་དང་པོ་མདོ་ལ་ནས་མཇུག་སྒྲིལ་བ།
བྱ་དགའ་ཨང་དང་པོ་ཐོབ་མཁན་མགོ་ལོག་གི་གླུ་བ་ལྷ་ཐར་ལགས།
ཟླ8པའི་ཚེས6ཉིན། ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་པ་མཐུན་ཚོགས་དང་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་དང་། མཚོ་སྔོན་ཞིང་ཆེན་དམངས་ཁྲོད་རིག་རྩལ་པ་མཐུན་ཚོགས་དང་མདོ་ལ་རྫོང་མི་དམངས་སྲིད་གཞུང་གིས་འགན་སྒྲུབ་བྱས་པའི2012ལོའི་བོད་ཀྱི་ལ་གཞས་འགྲན་སྡུར་སྐབས་དང་པོ་དེ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་དུ་མཇུག་རྫོགས་པ་དང་མཉམ་དུ། རིག་རྩལ་བྱ་དགའ་གནང་བའི་མཛད་སྒོ་བསྡུས་པ་རེད།
བྱ་དགའ་ཨང་གཉིས་པ་ཐོབ་མཁན་མཚོ་སྔོན་མཚོ་ལྷོའི་གླུ་མ་སྒྲོན་དཀར་མཚོ་ལགས།
བྱ་དགའ་ཨང་གསུམ་པ་ཐོབ་མཁན་ཡུན་ནན་གྱི་གླུ་བ་དོན་གྲུབ་ཚེ་རིང་ལགས།
སྐབས་འདིའི་འགྲན་སྡུར་སྟེང་བོད་ལྗོངས་དང་། སི་ཁྲོན། ཡུན་ནན། ཀན་སུའུ། མཚོ་སྔོན་སོགས་ནས་ཡོང་བའི་འགྲན་ཞུགས་པ43ལྷག་འགྲན་སྡུར་རབས་དང་རིམ་པ་བརྒྱུད་མཐར་ཨང་དང་པོ་གསུམ་དང་། ཨང་གཉིས་པ་བཞི། ཨང་གསུམ་པ་བརྒྱད་བཅས་བདམས་ཐོན་བྱུང་བ་སྟེ།
ཨང་དང་པོ་ཐོབ་མཁན་ནི། རྡོ་བུ།(བོད་ལྗོངས།) ལྷ་ཐར།(མཚོ་སྔོན་མགོ་ལོག) བསོད་ནམས་ནོར་བུ།(མཚོ་སྔོན་ཡུལ་ཤུལ།)
ཨང་གཉིས་པ་ཐོབ་མཁན་ནི། ཉི་མ་བློ་བཟང་།(བོད་ལྗོངས།) སྒྲོན་དཀར་མཚོ།(མཚོ་སྔོན་མཚོ་ལྷོ།)རྟ་མགྲིན།(མཚོ་སྔོན་ཡུལ་ཤུལ།) ལྷ་རི་སྐྱིད།(མཚོ་སྔོན་མཚོ་ལྷོ།)
ཨང་གསུམ་པ་ཐོབ་མཁན་ནི། ནོར་སྒྲོན་ལྷ་མོ།(སི་ཁྲོན།) རིག་སྒྲོན།(སི་ཁྲོན།) དོན་གྲུབ་ཚེ་རིང་།(ཡུན་ནན།) ཚེ་སྐྱབས།(མཚོ་སྔོན་མཚོ་ལྷོ།) བཟང་སྐྱིད།(མཚོ་སྔོན་མཚོ་བྱང་།)ལྷ་ཐར་མཚོ།(མཚོ་སྔོན་མཚོ་ལྷོ།)མགོན་པོ་རྣམ་རྒྱལ།(ཀན་སུའུ།) བྱམས་རྡོ།(མཚོ་སྔོན་རྨ་ལྷོ།)བཅས་གོང་གཟེངས་སུ་ཐོན་པའི་འགྲན་ཞུགས15ལ་མཚན་སྙན་དཔང་ཡིག་དང་བྱ་དགའི་རྟགས་མ་གནང་བ་རེད།
བྱ་དགའ་གནང་བའི་མཛད་སྒོའི་སྟེང་བོད་ཀྱི་གླུ་བ་གྲགས་ཅན་གཡུང་དྲུང་རྒྱལ་དང་བདེ་ཆེན་དབང་མོ་སོགས་གདན་ཞུ་བྱས་ཡོད་པ་རེད།
སྙན་མོ་གླུ་ཡི་འགྱུར་ཁུག་གིས་ལྟད་མོ་བའི་སྒྲ་འཛིན་དབང་བོའི་བཅུད་འཕྲོག་པ།