ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་དམིགས་བསལ་ཞིབ་འཇུག་པ་གདན་ཞུའི་མཛད་སྒོ་བསྡུས་པ།
ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་དམིགས་བསལ་ཞིབ་འཇུག་པ་གདན་ཞུའི་མཛད་སྒོ་བསྡུས་པ།
ཟླ8པའི་ཚེས4ཉིན། པེ་ཅིང་རྒྱལ་སྤྱིའི་བོད་རིག་པ་དཔྱད་གླེང་གྲོས་ཚོགས་སྐབས་ལྔ་བ་མཇུག་རྫོགས་པའི་དུས་སུ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་དམིགས་བསལ་ཞིབ་འཇུག་པ་གདན་ཞུའི་མཛད་སྒོ་བསྡུས་པ་རེད།
ཉི་ཧོང་ལཱོང་ཀུའུ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཀུའེ་ཧྲའོ་ལོང་ལགས་དང་། ཀྲུང་གོ་ཐའེ་ཝན་གྱི་ཀྲུང་གོའི་རིག་གནས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལིན་ཀོན་ཆུང་ལགས། ཉི་ཧོང་ཏཱ་ཀུའུ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་བཅས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་དམིགས་བསལ་ཞིབ་འཇུག་པར་གདན་ཞུ་བྱས་པ་རེད།
དགེ་རྒན་ཆེན་མོ་ཁང་དཀར་ཚུལ་ཁྲིམས་ལགས་ཀྱིས་བཤད་རྒྱུར། བགྲང་བྱ26གི་རིང་དུ་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ཐད་ལ་མཛད་རྗེས་ཆེན་པོ་བསྐྲུན་འདུག བྱེ་བྲག་ཏུ《བཀའ་བསྟན》དཔེ་བསྡུར་བྱ་བ་ལ་རྒྱལ་སྤྱིའི་བོད་རིག་པའི་ཁྱབ་ཁོངས་སུ་ཀུན་གྱིས་བསྟོད་པའི་མེ་ཏོག་གཏོར་བཞིན་ཡོད་ལ། ཐེངས་འདིའི་རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་གི་གྲ་སྒྲིག་ཚགས་དམ་ཞིང་རྩ་འཛུགས་ཤུགས་ཆེན་པོ་ལྡན་པས། འདི་ནི་རྒྱལ་ཁའི་ངང་བསྡུས་པའི་རྒྱལ་སྤྱིའི་བོད་རིག་པའི་སྤྲོ་ཚོགས་ཤིག་ཡིན་ཞེས་གདེང་འཇོག་མཐོན་པོ་གནང་ཐོག རྗེས་སོར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་མུ་མཐུད་དུ་རྨང་གཞིའི་ཞིབ་འཇུག་ལ་ཤུགས་བསྣན་ནས་བོད་ཀྱི་རིག་གནས་དར་སྤེལ་ཐད་མཛད་རྗེས་སྔར་ལས་ལྷག་པ་ཞིག་བསྐྲུན་རྒྱུའི་རེ་བ་བཏོན་པ་རེད།
ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་བཙུགས་པ་ནས་བཟུང་བོད་ལྗོངས་དང་བོད་ཁམས་ཞིང་ཆེན་བཞིའི་ལོ་རྒྱུས་དང་། གནས་བབ། འཕེལ་རྒྱས་བཅས་ཞིབ་འཇུག་བྱ་ཡུལ་དུ་བཟུང་ཐོག བོད་རིག་པ་ཞིབ་འཇུག་གི་ཕྱོགས་བསྡུས་དགེ་མཚན་སྤྱད་ནས་བོད་ཀྱི་རིག་གནས་འཛིན་སྤེལ་བྱེད་རྒྱུ་དེ་འགན་འཁྲི་གཙོ་བོ་ཞིག་ཏུ་བྱས་ཤིང་། རྒྱལ་ཕྱིའི་བོད་རིག་པའི་ཆེད་མཁས་དང་བོད་རིག་པ་ཞིབ་འཇུག་ལྟེ་གནས་བར་རིག་གཞུང་མཉམ་སྤེལ་གྱི་འབྲེལ་བ་ལེགས་པོར་བཟུང་ནས་དུས་དང་རྣམ་པ་ཀུན་ཏུ་བོད་རིག་པ་ཞིབ་འཇུག་དང་མི་སྣ་འཇོན་ཐང་ཅན་སྐྱེད་སྲིང་བྱེད་པར་རྒྱབ་སྐྱོར་བྱས་ཏེ། བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་། ས་ཁུལ་ལམ་ཡང་ན་རྒྱལ་ཁབ་གཞན་གྱི་བོད་རིག་པའི་ཁྱབ་ཁོངས་སུ་ཕན་ཚུན་འབྲེལ་འདྲིས་བྱེད་པའི་སྦྲེལ་ཐག་གི་ནུས་པ་འདོན་བཞིན་ཡོད་པ་རེད།