logo

བོད་ལྗོངས་ཇོ་རིའི་འཁྱགས་རོམ་ཇོ་མོ་གླང་མ་ཁོར་ཡུག་སྲུང་སྐྱོབ་ཐེབས་རྩ་ཚོགས་པའི་སྒོ་བྱང་བཀལ།

རྩོམ་པ་པོ།:དབང་ཆེན་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-07-04 ཀློག་གྲངས།:

སྒོ་བྱང་འགེལ་བའི་མཛད་སྒོའི་ཡུལ་དངོས།
སྒོ་བྱང་འགེལ་བའི་མཛད་སྒོའི་ཡུལ་དངོས།

         ཟླ7པའི་ཚེས2ཉིན། བོད་རང་སྐྱོང་ལྗོངས་ཇོ་རིའི་འཁྱགས་རོམ་ཇོ་མོ་གླང་མ་ཁོར་ཡུག་སྲུང་སྐྱོབ་ཐེབས་རྩ་ཚོགས་པ་ལྷ་ས་ནས་སྒོ་བྱང་བཀལ་ཏེ་དབུ་ཚུགས། ཇོ་རིའི་འཁྱགས་རོམ་ཀུང་ཟིས་སྒོར་ཁྲི400འགོ་འཛུགས་ཀྱི་མ་དངུལ་དུ་ཕུལ་ཏེ་བོད་ལྗོངས་དང་ཁྱད་པར་དུ་ཇོ་རི་ས་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་དང་སྤྱི་ཕན་ལས་དོན་ལ་རྒྱབ་སྐྱོར་བྱེད་པ་རེད།
         བོད་ལྗོངས་ཇོ་རིའི་འཁྱགས་རོམ་ཇོ་མོ་གླང་མ་ཁོར་ཡུག་སྲུང་སྐྱོབ་ཐེབས་རྩ་ཚོགས་པའི་ལས་འཛིན་པ་ཟླ་བ་དོན་གྲུབ་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། ཁོར་ཡུག་སྲུང་སྐྱོབ་ཀྱི་ཐེབས་རྩ་ཚོགས་པ་འདི་ནི་སྤྱི་མོས་ཞལ་འདེབས་ཀྱི་ཐེབས་རྩ་ཚོགས་པ་ཞིག་ཡིན་པ་དང་། བོད་ལྗོངས་ཏཱ་ཧྲི་ཚོགས་པའི་བོད་ལྗོངས་ཇོ་རིའི་འཁྱགས་རོམ་ཆུའི་ཐོན་ཁུངས་འདོན་སྤེལ་ཚད་ཡོད་ཀུང་ཟིས་འགོ་བཟུང་བ་མ་ཟད། སྒོར་ཁྲི400འགོ་འཛུགས་ཀྱི་མ་དངུལ་དུ་ཕུལ། “ཇོ་རིའི་འཁྱགས་རོམ”ཀུང་ཟིས་ཕྱིར་བཙོང་བྱས་པའི“ཇོ་རིའི་འཁྱགས་རོམ”གཏེར་ཆུ་དམ་བེ་རེའི་ནང་ནས་སྒོར0.05བཏོན་ཏེ་ཐེབས་རྩའི་ནང་བཞག་སྟེ་བོད་ལྗོངས་དང་ལྷག་པར་ཇོ་རི་ས་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་དང་སྤྱི་ཕན་གྱི་ལས་དོན་ལ་རྒྱབ་སྐྱོར་བྱེད་པར་ཁས་ལེན་བྱས་ཡོད།
         ཟླ་བ་དོན་གྲུབ་ལགས་ཀྱིས་གསུང་དོན། ‘ཁོར་ཡུག་སྲུང་སྐྱོབ་དང་སྤྱི་ཕན་ལས་དོན་ལ་རྒྱབ་སྐྱོར་བྱས་ཏེ་སྤྱི་ཚོགས་དཔལ་འབྱོར་གྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི’བླང་བྱ་གཞིར་བཟུང་ནས་ཐེབས་རྩ་ཚོགས་པས་ཁོར་ཡུག་སྲུང་སྐྱོབ་དང་སྤྱི་ཕན་ལས་དོན་གྱི་ལས་གཞི་ལ་ནོར་སྐྱོར་གང་ལེགས་བྱས་ཏེ་ཁོར་ཡུག་སྲུང་སྐྱོབ་ལས་དོན་ལ་བྱས་རྗེས་འབུར་ཐོན་ཡོད་པའི་མི་སྒེར་དང་རྩ་འཛུགས་ལ་གཟེངས་བསྟོད་བྱ་རྒྱུ་ཡིན། དེ་མིན་ཞལ་འདེབས་པའི་འདོད་བློ་ལྟར་སྤྱི་ཕན་ནོར་སྐྱོར་གྱི་ལས་གཞི་སྤེལ་རྒྱུ་དང་། ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བ་ཡོད་པའི་རྒྱལ་སྤྱི་དང་ས་ཁོངས་བར་གྱི་མཉམ་འབྲེལ་སྤེལ་རེས་སོགས་ལ་ཞུགས་རྒྱུ་ཡིན་ཟེར།
         རྒྱུས་ལོན་བྱུང་བ་ལྟར་ན། བོད་རང་སྐྱོང་ལྗོངས་ཇོ་རིའི་འཁྱགས་རོམ་ཇོ་མོ་གླང་མ་ཁོར་ཡུག་སྲུང་སྐྱོབ་ཐེབས་རྩ་ཚོགས་པ་ནི་ཐོག་དང་པོར་བོད་ལྗོངས་ཀྱི་སྤྱི་དབང་ལམ་ལུགས་མིན་པའི་ཁེ་ལས་ཀྱིས་འགོ་བཟུང་བ་མ་ཟད་གོ་རིམ་ཡོངས་རྫོགས་རྩ་འཛུགས་དང་དོ་དམ་མཐུན་སྦྱོར་བྱེད་པའི་ཐེབས་རྩ་ཚོགས་པ་ཞིག་ཡིན་ལ། སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ཏེ་བོད་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་སྤྱི་ཕན་ལས་དོན་སྟེང་འདོན་པར་ཕན་ཞིང་དེ་ནི་ཁེ་ལས་ཀྱིས་སྤྱི་ཚོགས་འོས་འགན་མངོན་འགྱུར་བྱེད་པའི་མཚོན་སྟངས་གལ་ཆེན་ཞིག་ཀྱང་ཡིན།


འབྲེལ་ཡོད་འོས་སྦྱོར།