སེམས་ཀྱི་ཉི་ཟླའི་ལྔ་པའི་རྟ་རྒྱུག་དུས་ཆེན་དུ་བོད་རིགས་སྟག་ཤར་གྱིས་གསེར་གྱི་རྟགས་མ་དྲུག་བླངས།

ཐེངས་འདིའི་རྟ་རྒྱུག་དུས་ཆེན་གྱི་གསེར་གྱི་རྟགས་མ་དྲུག་ཐོབ་མཁན་བོད་རིགས་སྟག་ཤར་དང་ཁོའི་རྟ་མཆོག
ཟླ་6པའི་ཚེས25ཉིན་གྱི་སྔ་དྲོར། ཉིན་གསུམ་གྱི་ཛ་དྲག་གི་འགྲན་བསྡུར་བརྒྱུད་ནས་ཡུན་ནན་སེམས་ཀྱི་ཉི་ཟླ་རྫོང་གི་ལོ་རེའི་རྟ་རྒྱུག་དུས་ཆེན་ཡོངས་སུ་མཇུག་རྫོགས་པ་དང་། ཡར་ལ་གསོལ་རྟ་རྒྱུག་རུ་ཁག་གི་བོད་རིགས་སྟག་ཤར་གྱིས་གསེར་གྱི་གཟེངས་རྟགས་དྲུག་བླངས་པ་དང་ཐེངས་འདིའི་རྟ་རྒྱུག་འགྲན་བསྡུར་གྱི་ཆེས་ཕུལ་དུ་བྱུང་བའི་འགྲན་ཞུགས་པར་གྱུར།
ཐེངས་འདིའི་རྟ་རྒྱུག་དུས་ཆེན་ལ་སེམས་ཀྱི་ཉི་ཟླ་རང་ས་གནས་ཀྱི་རྟ་རྒྱུག་རུ་ཁག་ཞུགས་ཡོད་པ་མ་ཟད་ད་དུང་བདེ་ཆེན་ཁུལ་གྱི་ས་ཁུལ་གཞན་དག་དང་། ཏ་ལེ་ཁུལ་གྱི་རུ་ཁག་ཀྱང་ཞུགས་ཡོད་པ་རེད། འགྲན་བསྡུར་ཁྲོད་བོད་རིགས་སྟག་ཤར་ལུང་ནོར་གྱིས་རྟ་རྩལ་ཁྱད་དུ་འཕགས་པ་མངོན་ནས་ཁོའི་རྒྱུག་རྟ་དང་མཉམ་དུ་སྨི1000དང་སྨི2000། སྨི3000བཅས་ཀྱི་རྟ་འགྲོས་མའི་འགྲན་རྒྱུག་དང་སྨི1000དང་སྨི3000། སྨི5000བཅས་འགྲན་བསྡུར་སྣ་དྲུག་ལས་ཨང་དང་པོ་བླངས།

རྟ་ཐོག་ནས་མདའ་འཕེན་པ་ནི་གཟིགས་མོ་བས་ཆེས་དགའ་བསུ་ཐོབ་པའི་འཁྲབ་སྟོན་ཞིག་རེད།
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་སེམས་ཀྱི་ཉི་ཟླའི་ལྔ་པའི་རྟ་རྒྱུག་དུས་ཆེན་ནི་ལོ་རྒྱུས་སྟེང་གཞི་རྒྱ་ཆེས་ཆེ་བ་དང་རྒྱུག་རྟ160ལྷག་འགྲན་བསྡུར་དུ་ཞུགས་ཡོད། དེའི་ནང་རྟ་རྒྱུད་བཟང་བའི་རྟ་མཆོག་ཀྱང་མངས་སོ།། ཚེས23ཉིན་རྟ་རྒྱུག་འགོ་ཚུགས་པ་ནས་བཟུང་། མང་ཚོགས་དང་གནས་བསྐོར་པ་མང་པོ་ཞིག་གི་དང་བ་དྲངས་ནས་གཟིགས་མོར་ཕེབས་ཡོད་པ་དང་། རྟ་རྒྱུག་ར་བའི་མཐའ་བསྐོར་དུ་སྦྲ་གུར་ཕུབ་ནས་ཞིམ་མངར་ལྡན་པའི་བོད་ཀྱི་བཟའ་བཅའ་སོགས་ལོངས་སུ་སྤྱད་དེ་གླུ་ལེན་གར་རྩེད་ཀྱིས་རྟ་རྒྱུག་དུས་ཆེན་དེ་སེམས་ཀྱི་ཉི་ཟླའི་ཆེས་གཟབ་རྒྱས་དང་འཕྲུག་ཆ་དོད་པོའི་དུས་སྟོན་ཞིག་ཏུ་བསྒྱུར་ཡོད།
