གློག་རྡུལ་ཅན་གྱི་བཟོ་སྣོན་ལས་བོད་ཡིག་དཔེ་རྙིང་ཚད་ཐུབ་དག་ཀུན་གྱི་མཐོང་ཡུལ་དུ་བསྟར་བར་བྱས་པ།
གྲོང་ཁྱེར་ལྷ་སའི་རིག་གནས་ལྡིང་གིས་ཉེ་སྔོན་གྲོང་ཁྱེར་དེ་གའི་སྙེ་མོ་རྫོང་ནས་དཔེ་རྙིང་ཞིབ་བཤེར་བྱེད་དུས། དུས་རབས13པའི་སྐབས་ཀྱི་དཔེ་རྙིང་དཀོན་པོ་བརྐོས་མ་ཁག་ཅིག་རྙེད་སོན་བྱུང་། ལོ800ལྷག་གི་ལོ་རྒྱུས་ཡོད་པའི་དཔེ་རྙིང་འདི་ཚོ་དཔེ་རྙིང་གཞན་དག་མང་པོ་དང་འདྲ་བར་སེ་ར་དགོན་པའི་དཔེ་རྙིང་འཚོལ་བསྡུ་དག་སྒྲིག་ཁང་དུ་གང་འཚམ་གྱིས་ཉར་འཇོག་བྱས་ཡོད། ལས་བྱེད་མི་སྣས་ཉམས་གསོ་དང་བཤེར་འབེབས། རྩིས་འཕྲུལ་ནང་བཅུག་པ་བརྒྱུད། སྔ་མར་ས་འོག་ཏུ་སྦས་ཡོད་པའི་ནང་བའི་བསྟན་བཅོས་ཀུན་གྱི་མཐོང་ཡུལ་དུ་གྱུར།
2007ལོར། སེ་ར་དགོན་པ་དང་ར་ས་འཕྲུལ་སྣང་གཙུང་ལག་ཁང་སོ་སོ་ནས་སྒོར་ཁྲི150རེ་བཏོན་ནས། མཉམ་དུ་ནང་བསྟན་དཔེ་རྙིང་འཚོལ་བསྡུ་དག་སྒྲིག་ཁང་བཙུགས། ལོ་ལྔ་ལྷག་གི་རིང་ལ། མི14ལས་མི་ཤོང་བའི་ཁང་པ་ཆུང་ཆུང་འདིའི་ནང་རྟག་པར་རྩིས་འཕྲུལ་གྱི་མཐེབ་གཞོང་གི་ནོན་སྒྲ་དང་ཆོས་དཔེ་ཞུ་དག་བྱེད་པའི་ཟློ་སྒྲ་དམའ་མོས་ཁྱབ་འདུག་ལ། དེང་རབས་ཀྱི་ཚན་རིག་ལག་རྩལ་ལ་བརྟེན་ནས་ཉམས་ཆག་ལ་འགྲོ་བཞིན་པའི་དཔེ་རྙིང་ལག་བྲིས་རེ་རེ་ལས་བྱེད་མི་སྣས་རྩིས་འཕྲུལ་དུ་ནང་འཇུག་བྱས་པ་བརྒྱུད་ནས་ཀུན་གྱི་མཐོང་ཡུལ་དུ་བསྟར་ཐུབ་པ་བྱུང་།
མིག་སྔའི་བར་དུ། འདིར་ཆོས་དཔེ་རྩ་ཆེན་དེབ་གྲངས3000ལྷག་འཚོལ་བསྡུ་བྱུང་བ་དང་། དཔེ་རྙིང་དེ་ཚོའི་ནང་ནང་ཆོས་དང་གནམ་རིག་སྐར་རྩིས། བོད་ཀྱི་སྨན་དཔྱད། བཟོ་རིག་སྒྱུ་རྩལ། ཟློས་གར། རོལ་མོ་སོགས་ཀྱི་ནང་དོན་འདུས་ཡོད།
སེ་ར་དགོན་པའི་དགེ་འདུན་པ་དང་དཔེ་རྙིང་འཚོལ་བསྡུ་དག་སྒྲིག་ཁང་གི་ལས་བྱེད་མི་སྣ་རྒྱལ་མཚན་བྱམས་པ་ལགས་ཀྱིས་གསུང་དོན། ཆོས་དཔེ་འདི་དག་ནི་གཙོ་བོ་ནོར་བུ་གླིང་ག་དང་སེ་ར་དགོན་པ། འབྲས་སྤུངས་དགོན་པ། རྩེ་པོ་ཏ་ལ། བོད་ལྗོངས་དཔེ་མཛོད་ཁང་། མངའ་རིས་གུ་གེ་སོགས་ས་ཆ་སོ་སོ་ནས་འཚོལ་བསྡུ་བྱས་ཡོང་པ་ཡིན་ལ། ནང་དོན་གཏིང་དཔག་དཀའ་བས་འཚོལ་བསྡུ་པར་ནང་ཆོས་ལ་སྦྱངས་སྟོབས་ཆེན་པོ་ལྡན་ཚེ་ད་གཟོད་དག་སྒྲིག་བྱེད་ཐུབ།
རྒྱུས་ལོན་བྱུང་བ་ལྟར་ན། 2008ལོ་ནས་བཟུང་། བོད་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་དཔེ་རྙིང་རྩ་ཆེན200ལྷག་ཡིག་ཞུ་ཕུལ་ནས་ཆོག་མཆན་ཐོབ་པ་དང་། དཀོན་མཆོག་རྒྱལ་ནས་གསུང་དོན། ཚན་རིག་ལག་རྩལ་གྱི་རོགས་འདེགས་འོག་བོད་ཡིག་དཔེ་རྙིང་ཚད་ཐུབ་དེ་ལས་མང་པོ་ཞིག་ཀུན་གྱི་མཐོང་ཡུལ་དུ་བསྟར་ཐུབ་པར་ཡིད་ཆེས་ཡོད་ཅེས་བཤད།