logo

བཞི་བའི་ཚེས་བརྒྱད་ཉིན་གྱི་དར་མདོ་ལྷ་མོ་རྩེའི་རྒྱལ་སྤྱིའི་གནས་རི་སྐོར་བའི་དུས་ཆེན་རོལ་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-05-30 ཀློག་གྲངས།:


ལྷ་མོ་རྩེ་རུ་མི་ཚོགས་ཀྱིས་བཀང་འདུག་པ།

  ཟླ5བའི་ཚེས28ཉིན། བོད་ཀྱི་སྲོལ་རྒྱུན་གྱི་དུས་སྟོན་ཞིག་སྟེ་བཞི་བའི་ཚེས་བརྒྱད་ཉིན་གྱི་དར་མདོ་ལྷ་མོ་རྩེའི་རྒྱལ་སྤྱིའི་གནས་རི་སྐོར་བའི་དུས་ཆེན་སྤེལ་ཞིང་། ཕྱོགས་བཞི་མཚམས་བརྒྱད་ནས་འོང་བའི་གནས་སྐོར་བ་རྣམས་མ་གྲོས་རང་མཐུན་སྒོས་མཛའ་གཞས་གྲོང་དུ་འཛོམས་ནས་གནས་རི་སྐོར་བའི་དུས་ཆེན་ལ་རོལ་བ་རེད།
  སྔ་དྲོར་ཉི་གཞོན་ཤར་རིའི་རྒྱབ་ནས་འཕགས་མ་ཐག དགོན་པའི་བླ་གྲྭ་རྣམས་ཀྱིས་དུང་ཆེན་འབུད་བ་དང་དད་ལྡན་སེར་སྐྱ་ཕོ་མོ་རྣམས་ཀྱིས་མ་ཎི་ཡིག་དྲུག་དབྱངས་སུ་གྱེར་བ་སོགས་ཀྱི་རྟེན་འབྲེལ་དང་བསྡོངས་ནས་གོས་སྐུ་བཤམས་ཤིང་། ཆོས་ལུགས་ཀྱི་ཆོ་ག་རབས་དང་རིམ་པ་སྤེལ་ཚར་རྗེས་མིག་གི་དགའ་སྟོན་དུ་འགྱུར་བའི་རིག་རྩལ་འཁྲབ་སྟོན་ཕུན་སུམ་ཚོགས་པ་སྤེལ་འགོ་བརྩམས་པ་རེད།


དུས་སྟོན་སྐབས་སུ་བཤམས་པའི་གོས་སྐུ་ཆེན་མོ།

གནས་རི་སྐོར་བའི་དུས་ཆེན་སྐབས་ཀྱི་ཕུན་སུམ་ཚོགས་པའི་རིག་རྩལ་འཁྲབ་སྟོན།

  རྒྱུས་ལོན་བྱུང་བ་ལྟར་ན་ད་ལོའི་བཞི་བའི་ཚེས་བརྒྱད་ཀྱི་དུས་སུ་བྱ་འགུལ་རྩ་འཛུགས་ཚོགས་པས་མང་ཚོགས་ཀྱི་སྐོར་བྲོའི་འཁྲབ་སྟོན་དང་། ལྷ་མོ་དགོན་གྱི་རྡོ་རྗེ་འཇིགས་བྱེད་ཀྱི་ཆོས་ཚོགས། ལྷ་མོ་རྩེའི་དམངས་སྲོལ་ཡུལ་སྐོར་སོགས་ཀྱི་མུ་འབྲེལ་བྱ་འགུལ་ཁག་སྤེལ་རྒྱུ་རེད།
  དར་རྩེ་མདོའི་བཞི་པའི་ཚེས་བརྒྱད་ཀྱི་དུས་ཆེན་ནི་ཀརྨ་སྐུ་ཕྲེང་ལྔ་བ་དེ་བཞིན་གཤེགས་པའི་སྐབས་སུ(1387ལོ་ནས1415ལོ)ཡུལ་འདིར་ཀརྨ་བཀའ་བརྒྱུད་ཀྱི་བསྟན་པ་ཧ་ཅང་རྒྱས་ཤིང་། མདོ་དགོན་ཁག་བདུན་ཞེས་པའི་བཀའ་བརྒྱུད་པའི་དགོན་ཁག་བདུན་བྱུང་ཡོད། མཚུར་ཕུའི་རྩིས་ལུགས་ལ་ས་ག་ཟླ་བ་སྟེ་བོད་ཟླ་བཞི་བའི་ཚེས་བརྒྱད་ལ་སངས་རྒྱས་སྐུ་འཁྲུངས་པར་བཞེད། ཉིན་དེ་ལ་སེར་སྐྱ་ཀུན་གྱིས་ངང་བ་པད་མཚོར་འཇུག་པ་ཇི་བཞིན་མ་སྐུལ་རང་འགུལ་སྒོས་དམར་ཟས་གཅོད་པ་དང་། སྦྱིན་པ་གཏོང་བ། འཁྲུག་རྩོད་སྤོང་བ་སོགས་དགེ་སྦྱོར་སྒྲུབ་པའི་སྲོལ་ལེགས་ཁྱབ་བརྡལ་དུ་སོང་བ་དང་བསྟུན་ནས་ཡུལ་གྱི་དུས་ཆེན་གཙོ་བོ་ཞིག་ཏུ་གྱུར་འདུག སྤྱི་ལོ1642ལོར་དགའ་ལྡན་ཕོ་བྲང་གི་སྲིད་དབང་བཙུགས་རྗེས་བོད་ཁམས་ཀྱི་བཀའ་བརྒྱུད་པ་དང་ཇོ་ནང་བའི་དགོན་པ་མང་པོ་ཞིག་དགེ་ལུགས་པའི་དགོན་པར་བསྒྱུར་བའི་སྐབས་སུ། དར་མདོའི་བཀའ་བརྒྱུད་པའི་དགོན་པ་རྣམས་དགེ་ལུགས་པར་བསྒྱུར། ཡིན་ཡང་སངས་རྒྱས་འཁྲུངས་སྐར་གྱི་དུས་ཆེན་དེ་མི་དམངས་ཀྱི་དུས་སྟོན་ཆེན་མོ་ཞིག་ཏུ་གྱུར་ཏེ་དེང་གི་བར་དུ་རྒྱུན་མ་ཆད་པར་རོལ་བཞིན་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།