མཐོ་རིམ་སློབ་གྲྭའི་ཐང་ག་འགྲེམ་སྟོན་སྐབས་དང་པོ་སྤེལ་རྒྱུ་རེད།
མཐོ་རིམ་སློབ་གྲྭའི་ཐང་ག་འགྲེམ་སྟོན་སྐབས་དང་པོ།
ཟླ5བའི་ཚེས15ཉིན་ནས་ཚེས16ཉིན་བར་དུ་ནུབ་བྱང་མི་རིགས་སློབ་ཆེན་མཛེས་རྩལ་གླིང་དང་བོད་ལྗོངས་སློབ་ཆེན་མཛེས་རྩལ་གླིང་གཉིས་ཀྱིས་མཉམ་དུ་སྒྲུབ་པ་དང་། ནུབ་བྱང་མི་རིགས་སློབ་ཆེན་ཐང་གའི་སྒྱུ་རྩལ་མཐུན་ཚོགས་ཀྱིས་ཇུས་འགོད་བྱེད་པའི“མཐོ་རིམ་སློབ་གྲྭའི་ཐང་ག་འགྲེམ་སྟོན་སྐབས་དང་པོ”དེ་ལན་ཀྲུའུ་ལས་བྱེད་པ་རྒན་པོའི་བྱ་འགུལ་ལྟེ་གནས་སུ་སྤེལ་རྒྱུ་རེད།
རྫོངས་སྟུག་ཅིང་འབྱམས་ཀླས་པའི་ཐང་གའི་རིག་གནས་ཀྱི་བརྗོད་བྱར་བོད་ཀྱི་ལོ་རྒྱུས་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས་འཚོ་བ་སོགས་ཕུན་སུམ་ཚོགས་པོ་མཆིས་ཤིང་། ཁྱད་དུ་འཕགས་པའི་སྒྱུ་རྩལ་མཚོན་ཐབས་དང་། གྱ་ནོམ་པའི་མི་རིགས་རིག་གནས་ཀྱི་ཉིང་བཅུད། ཐུན་མིན་གྱི་རིག་གནས་སྒྱུ་རྩལ་རིན་ཐང་སོགས་ལ་རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་པ་དང་མང་ཚོགས་ཀྱི་སྤྲོ་བ་ཆེན་པོ་ཐོབ་བཞིན་ཡོད།
ཐེངས་འདིའི་བྱ་འགུལ་གྱིས་བོད་ཀྱི་རིག་གནས་སྒྱུ་རྩལ་དར་སྤེལ་དུ་གཏོང་བ་དང་དེང་རབས་ཀྱི་ཐང་གའི་ལས་རིགས་གོང་དུ་སྤེལ་རྒྱུ་དེ་དམིགས་བྱར་བཟུང་ནས་ཟླ་གསུམ་གྱི་རིང་དུ་གྲ་སྒྲིག་ལེགས་པོ་བྱས་ཤིང་། རྩ་འཛུགས་པས་ནུབ་བྱང་མི་རིགས་སློབ་ཆེན་དང་། བོད་ལྗོངས་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན། སི་ཁྲོན་དར་རྩེ་མདོ་མི་རིགས་དགེ་ཐོན་སློབ་གླིང་། ཀན་སུའུ་མི་རིགས་དགེ་ཐོན་སློབ་གླིང་། ཀན་ལྷོ་དགེ་ཐོན་སློབ་གླིང་སོགས་ཐང་གའི་ཆེད་ལས་ཀྱི་དགེ་སློབ་རྣམས་ཀྱི་བརྩམས་ཆོས་ཕྱོགས་བསྡུས་བྱས་ནས་འགྲེམ་སྟོན་བྱེད་རྒྱུ་རེད།
ཐེངས་འདིའི་བྱ་འགུལ་ནི་རྒྱལ་ནང་གི་ཐང་གའི་སྒྱུ་རྩལ་ཁྱབ་ཁོངས་སུ་ཐོག་མ་ཡིན་ཞིང་། སློབ་ཆེན་སོ་སོས་ཐང་གའི་སྒྱུ་རྩལ་ཐད་ཕན་ཚུན་འབྲེལ་འདྲིས་བྱེད་པ་དང་། སློབ་ཆེན་པའི་ཐང་གའི་སྒྱུ་རྩལ་གྱི་མཚན་སྙན་ཇེ་རྒྱས་ཇེ་ལེགས་སུ་གཏོང་བར་དགེ་མཚན་ཆེན་པོ་ལྡན་པར་མ་ཟད། བོད་ཀྱི་རིག་གནས་ཐོན་ཁུངས་གྱ་ནོམ་པ་ཕྱི་ཕྱོགས་སུ་ཁྱབ་སྒྲོག་བྱེད་པར་མཐུན་རྐྱེན་མི་དམན་པ་བསྐྲུན་ངེས།