སི་ཁྲོན་ཞིང་ཆེན་གྱི་མི་རིགས་ལུས་རྩལ་འགྲན་ཚོགས་ཚེས3ཉིན་སྤེལ་རྒྱུ།
སི་ཁྲོན་ཞིང་ཆེན་སྐབས་བཅོ་ལྔ་པའི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་དེ་ཟླ་བ9པའི་ཚེས3ཉིན་དར་མདོར་སྤེལ་རྒྱུ་རེད། ཟླ8པའི་ཚེས28ཉིན་སི་ཁྲོན་ཞིང་ཆེན་སྐབས་བཅོ་ལྔ་པའི་གྲངས་ཉུང་མི་རིགས་ཀྱི་ལུས་རྩལ་འགྲན་ཚོགས་ཀྱི་ཐེངས་དང་པོའི་ཆས་སྤྲས་སྔོན་སྦྱོང་བྱས་པ་རེད།
སི་ཁྲོན་ཞིང་ཆེན་སྐབས་བཅོ་ལྔ་པའི་གྲངས་ཉུང་མི་རིགས་ཀྱི་ལུས་རྩལ་འགྲན་ཚོགས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་ཆོད་པའི་དུས་རིམ་ནང་རང་རེའི་ཞིང་ཆེན་གྱིས་ཐེངས་དང་པོར་སྤེལ་བའི་མི་རིགས་ལུས་རྩལ་འགྲན་ཚོགས་རེད།
ཐེངས་འདིའི་འགོ་ཚུགས་མཛད་སྒོ་ནང་ཉག་ཆུ་ཁ་ནས་ཡོང་བའི་གཟུགས་མཐོ་ཚད་སྨི1.9ཡན་ཆད་ཀྱི་ཁམས་པའི་ཕོ་རྒོད100ཡིས་ཞིང་ཆེན་ཡོངས་ཀྱི་མི་དམངས་རྣམས་ལ་དཀར་མཛེས་ཕོ་རྒོད་ཀྱི་བརྗིད་ཉམས་བསྟན་རྒྱུ་དང་། རོང་བྲག་རྫོང་གི་རིག་རྩལ་འཁྲབ་སྟོན་ནང་ཞུགས་མཁན400ཡོད་པ་ལས་སྐྱེས་པ100དང་བུད་མེད300ཡིས་ཕོ་བྲང་ཞབས་བྲོ་དང་ཆའང་རིགས་ཞབས་བྲོ། དབྱིས་རིགས་ཞབས་བྲོ། ཁ་བཏགས་ཞབས་བྲོ་བཅས་འཁྲབ་སྟོན་བྱ་རྒྱུ་རེད།