logo

མཚོ་ལྷོ་ཁུལ་གྱིས་རིག་གནས་བཅོས་སྒྱུར་གོང་སྤེལ་ཚོགས་ཆེན་བསྡུས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-04-18 ཀློག་གྲངས།:


ཚོགས་འདུའི་ཡུལ་དངོས།

          ཟླ4བའི་ཚེས17ཉིན། མཚོ་ལྷོ་ཁུལ་གྱིས་ཁུལ་ཡོངས་རིག་གནས་བཅོས་སྒྱུར་གོང་སྤེལ་ཚོགས་ཆེན་བསྡུས་ཏེ་མཚོ་ལྷོ་ཁུལ་གྱིས་རིག་གནས་འཛུགས་སྐྲུན་བྱས་པ་ལས་བླངས་བའི་གྲུབ་འབྲས་དང་ཉམས་མྱོང་སོགས་སྤྱི་བསྡོམས་དང་།  རིག་གནས་འཛུགས་སྐྲུན་ཁྲོད་འཕྲད་ངེས་པའི་གནས་བབ་དང་འོས་འགན་སོགས་ལ་དབྱེ་ཞིབ་བྱས་ལ། རྗེས་ཕྱོགས་དུས་སྐབས་ངེས་ཅན་གྱི་རིག་གནས་བཅོས་སྒྱུར་འཕེལ་རྒྱས་བྱ་བ་བཀོད་སྒྲིག་ལེགས་པོ་གནང་བའི་ཁར། ཁུལ་ཡོངས་ཀྱི་གོང་འོག་སྟོབས་ཤུགས་ཕྱོགས་གཅིག་ཏུ་སྐུལ་ནས་སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན་དང་། གནས་བབ་ལེགས་པའི་ཐོན་ཁོངས་འདོན་སྤེལ་བཅས་བྱས་ནས“རིག་གནས་སྟོབས་ལྡན་ཁུལ”སྐྲུན་པར་སྐུལ་འདེད་དང་། རིག་གནས་འཕེལ་རྒྱས་ཆེན་མོ་དང་རིག་གནས་ཕུན་ཚོགས་སུ་གཏོང་བར་སྐུལ་འདེད་བྱས།


འགོ་ཁྲིད་རྣམ་པ།

          ཚོགས་འདུའི་སྟེང་མཚོ་ལྷོའི་ཁུལ་ཨུ་ཧྲུའུ་ཅི་ཏུའུ་ཅེ་ཡིས་གཏམ་བཤད་གལ་ཆེན་གནང་བ་སྟེ། རིག་གནས་ནི་མིའི་རིགས་ཀྱི་སྤྱི་ཚོགས་མུ་མཐུད་དུ་འཕེལ་རྒྱས་བྱེད་པའི་སྟོབས་ཤུགས་དང་།  རིག་གནས་འཛུགས་སྐྲུན་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་གལ་ཆེའི་གྲུབ་ཆ་ཡིན་ཞིང་། དེང་གི་དུས་འདིར་རིག་གནས་ཀྱི་གོ་གནས་སྔར་ལས་གལ་ཆེ་དང་འབུར་དུ་ཐོན་ཡོད་དེ། རིག་གནས་ཀྱི་ཤུགས་རྐྱེན་རྒྱ་ཆེ་ཞིང་གཏིང་ཟབ་པས།  རིག་གནས་ནི་མི་རིགས་ཀྱི་གཅིག་སྒྲིལ་སྟོབས་ཤུགས་དང་གསར་སྐྲུན་ནུས་ཤུགས་ཀྱི་འབྱུང་ཁུངས་གལ་ཆེ་ཤོས་དང་། ཕྱོགས་བསྡུས་རྒྱལ་ཤུགས་འགྲན་རྩོད་ཀྱི་རྒྱུ་རྐྱེན་གལ་ཆེན། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཡར་འདེགས་རྟེན་གཞི་བཅས་ཡིན་ལ། བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་ནི་མི་རྣམས་ཀྱི་རྩ་བའི་འདོད་བློ་ཡིན་ཞེས་བརྗོད།
          ཁོས་མུ་མཐུད་དུ་གསུང་རྒྱུར། སྲིད་ཇུས་ཁོར་ཡུག་གི་ངོས་ཐད་ནས་བརྗོད་ན། ཀྲུང་དབྱང་དང་ཞིང་ཨུས་རིག་གནས་འཛུགས་སྐྲུན་ནི་ཆེས་གལ་ཆེ་བའི་འཐབ་ཇུས་གོ་གནས་སུ་བཞག་སྟེ་བསྟུད་མར་རིག་གནས་བཅོས་སྒྱུར་འཕེལ་རྒྱས་ཀྱི་གཏན་འབེབས་དང་བསམ་འཆར་བཏོན་པ་དང་། ནོར་སྲིད་དང་ཁྲལ་དོན། དངུལ་རྩ། ཚོང་ར། ས་ཞིང་། ཤེས་ལྡན་པ་སོགས་ཀྱི་ཐད་ནས་རིག་གནས་ལས་རིགས་དང་རིག་གནས་ཐོན་ལས་འཕེལ་རྒྱས་ལ་ཕན་པའི་སྲིད་ཇུས་ལེགས་པོ་བཏོན་ཞིང་།  འཕེལ་རྒྱས་བྱུང་བའི་ས་ཁུལ་མང་ཆེ་བས་དཔལ་འབྱོར་འཕེལ་རྒྱས་མྱུར་སྐྱོད་བྱུང་རྗེས། འཕེལ་རྒྱས་ཀྱི་རེ་བ་ཆེན་པོ་དེ་རིག་གནས་ཐོན་ལས་ཀྱི་སྟེང་དུ་བཞག་ཡོད་པ་རེད། མཚོ་ལྷོ་ཁུལ་གྱི་ངོས་ཐད་ནས་བརྗོད་ན། མཚོ་ལྷོ་ཁུལ་ནི་བོད་ཀྱི་རིག་གནས་དང་དབུས་རྒྱུད་རིག་གནས། དེ་མིན་མི་རིགས་གཞན་གྱི་རིག་གནས་བཅས་མཐུན་སྦྱོར་བྱུང་བའི་གནས་ཤིག་སྟེ། ལོ་རྒྱུས་རིག་གནས་དང་མི་རིགས་ཀྱི་དམངས་སྲོལ་རིག་གནས་ཕུན་སུམ་ཚོགས་པས་རིག་གནས་ཐོན་ཁུངས་གཏིང་ཟབ་པ་ཡིན། དེར་བརྟེན་རིག་གནས་ལས་རིགས་དང་རིག་གནས་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་ཐོན་ཁུངས་ཀྱི་གནས་བབ་ལེགས་པོ་ལྡན་ཟེར།


ཚོགས་འདུའི་ཟུར་ཞིག

          མཇུག་མཐར།  ཁོས་ནན་གྱིས་བསྟན་དོན།  གཏིང་ཟབ་པའི་སྒོ་ནས་ཕུལ་བྱུང་རིག་གནས་ཐོན་ཁུངས་སྔོག་འདོན་བྱེད་དགོས་ཏེ། མཚོ་ལྷོ་ཁུལ་གྱི་གནའ་བོའི་རིག་གནས་དང་། མི་རིགས་གླུ་གར་སྒྱུ་རྩལ་འཁྲབ་སྟོན། དམངས་ཁྲོད་སྲོལ་རྒྱུན་དུས་སྟོན་རིག་གནས། དམངས་སྲོལ་རིག་གནས། གེ་སར་རིག་གནས། ཆོས་ལུགས་རིག་གནས། མི་རིགས་ཀྱི་དམངས་ཁྲོད་ལག་བཟོའི་སྒྱུ་རྩལ།  མཐོ་སྒང་ལུས་རྩལ་རིག་གནས་བཅས་ལ་རྟེན་ནས། རིག་གནས་ཆེད་དངོས་དང་རྒྱུ་ཆའི་འཚོལ་བསྡུ། ཉར་ཚགས། འགྲེམ་སྟོན། ཞིབ་འཇུག་སོགས་ལ་ཤུགས་བསྣན་ཏེ་གཏིང་ཟབ་པའི་སྒོ་ནས་རིག་གནས་ཐོན་ཁུངས་སྔོག་བཤེར་དང་སྔོག་བཤེར་གྲུབ་འབྲས་ཀྱི་ལེགས་སྒྲིག་བྱ་བ་སྤེལ་དགོས། རིག་དངོས་ཤུལ་བཞག་སྲུང་སྐྱོང་དང་བསྐྱར་གསོ་བྱ་བར་ཤུགས་སྣོན་དགོས་ཏེ། ཁུལ་དང་རྫོང་། གྲོང་རྡལ། སྡེ་བ་བཅས་རིམ་པ་བཞིའི་རིག་དངོས་སྲུང་སྐྱོབ་དྲ་རྒྱ་བཙུགས་ནས་ཁྲི་ཀའི་གནའ་མཁར་དང་། གསེར་ཆེན་རྫོང་གི་ཆོས་རྗེ་རྒྱལ་མཁར།  འབའ་རྫོང་གི་རྫོང་རུ་རིག་གནས་ཤུལ་བཞག་བཅས་ལ་སྲུང་སྐྱོབ་བྱེད་ཤུགས་ཆེར་བསྐྱེད་དགོས་པ་མ་ཟད། གནའ་ཤུལ་མཐའ་སྐོར་གྱི་ཁོར་ཡུག་ལེགས་བཅོས་བྱས་ནས་གང་ནུས་ཀྱིས་རིག་གནས་ཤུལ་བཞག་སྔར་གྱི་རང་བྱུང་ས་གཤིས་དང་སྐྱེ་ཁམས་མ་ལག་བསྐྱར་གསོ་དང་སྲུང་སྐྱོབ་བྱེད་དགོས།  གཟུགས་འདས་རིག་གནས་ཤུལ་བཞག་གི་སྲུང་སྐྱོང་དང་རྒྱུན་འཛིན་ཐད་ཤུགས་སྣོན་དགོས་པ་བཅས་བསྟན་པ་རེད།


འབྲེལ་ཡོད་འོས་སྦྱོར།