ལྷ་སའི་གཙུག་ལག་ཁང་དུ་བཅོ་ལྔའི་མཆོད་པ་འབུལ་བ།
ཉིན་བདུན་ལ་བཞེངས་པའི་རིམ་པ་གསུམ་ཅན་གྱི་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐུ་བརྙན།
མར་ལས་བཟོས་པའི་བཙན་པོ་སྲོང་བཙན་སྒམ་པོའི་སྐུ་བརྙན།
ལུགས་གསར་གྱི་ཟླ3པའི་ཚེས8ཉིན་ཏེ་བོད་ཟླ1པོའི་ཚེས15ཉིན་ནི་བཅོ་ལྔའི་མཆོད་པའམ་ཆོ་འཕྲུལ་དུས་ཆེན་ཡིན་ལ། དུས་ཆེན་འདི་ནི་སྔར་འཕགས་ཡུལ་གྱི་མཉན་ཡོད་གནས་ཞེས་བྱ་བར་ཤཱཀྱ་ཐུབ་པས་ཕྱི་རོལ་མུ་སྟེགས་ཀྱི་སྟོན་པ་དྲུག་ཆོ་འཕྲུལ་གྱིས་ཕམ་པར་མཛད་པས་ཆོ་འཕྲུལ་དུས་ཆེན་ཞེས་སུ་འབོད་པ་ཡིན་ཞིང་། དེ་ནས་བཟུང་བོད་བརྒྱུད་ནང་བསྟན་གྱིས་དུས་ཕུན་སུམ་ཚོགས་པ་ཞིག་ཏུ་འཛིན་པས་དུས་ད་ལྟའི་བར་དུ་ཉམས་པ་མེད་པར་ཆོ་འཕྲུལ་དུས་ཆེན་ལ་མར་ཚོན་གྱི་མཆོད་པ་འབུལ་བ་དང་། གོས་སྐུ་བཤམས་པ། འཆམ་འཁྲབ་པ་སོགས་ཆོས་ཀྱི་ཆོ་ག་སྣ་ཚོགས་བྱེད་པ་ཡིན།
གཙུག་ལག་ཁང་དུ་མར་མེའི་མཆོད་པ་འབུལ་བ།
དད་ལྡན་མང་ཚོགས་གྲལ་སྒྲིག་ནས་མཆོད་པར་མཇལ་བ།
སྔར་སྲོལ་ལྟར་ན་ཉིན་གུང་དུ་སེ་འབྲས་དགེ་གསུམ་གྱི་བླ་སྤྲུལ་དགེ་འདུན་རྣམས་ཀྱིས་གཙུག་ལག་ཁང་གི་ཁྱམས་རར་སྐམ་ཚོགས་སྨོན་ལམ་ཆེན་མོའི་མཆོད་པ་འབུལ་བ་དང་། ཕྱི་དྲོར་བར་སྐོར་དུ་སེར་སྐྱ་ཀུན་གྱིས་མར་ཚོན་ལས་བཞེངས་པའི་མཆོད་པ་གཙོ་འཁོར་ལྔ་དང་། གཙོ་འཁོར་གསུམ་ཡོད་པའི་མཐོ་ཚད་ཐོག་བརྩེགས་གསུམ་ལྷག་དང་། དམའ་ཚད་ཐོག་བརྩེགས་གཉིས་ཡས་མས་རྒྱན་སྤྲོས་ཁང་བཟང་རྒྱ་ཕིབས་ཀྱི་ནང་ཐུབ་པའི་སྐུ་བརྙན་དང་། རྒྱན་དྲུག་མཆོག་གཉིས། རྗེ་ཡབ་སྲས་གསུམ། མཐུན་པ་སྤུན་བཞི། ཚེ་རིང་རྣམ་དྲུག མེ་ཏོག་སོགས་མར་གྱི་བཟོ་བཀོད་ཁྱད་དུ་འཕགས་པ་བཞེངས་ཤིང་། དེ་དག་གི་སྤྱན་ངར་དུ་མར་མེ་དང་མཆོད་པ་སྣ་ཚོགས་བཤམས་རྗེས་དད་ལྡན་མང་ཚོགས་མཆོད་པར་མཇལ་དུ་འགྲོ་བ་ཡིན།