རྒྱལ་ཁབ་ཕྱི་ནང་གི་པར་ལེན་པ་གང་མང་མཚོ་སྔོན་པོ་པར་འགྲེམ་འགྲན་བསྡུར་དུ་ཞུགས་པ།
མཚོ་སྔོན་པོ།
ཉེ་ཆར། མཚོ་སྔོན་པོ་ལྗོངས་ཡུལ་སྲུང་སྐྱོང་བཀོད་འདོན་དོ་དམ་ཅུའུ་དང་མཚོ་སྔོན་ཞིང་ཆེན་པར་ལེན་པའི་མཐུན་ཚོགས་སོགས་ལས་ཁུངས་མཉམ་འབྲེལ་སྒོས“2012ལོའི་མཚོ་སྔོན་པོ—མི་ཡུལ་གྱི་ཞིང་ཁམས”ཞེས་པའི་པར་ལེན་འགྲན་བསྡུར་ལེགས་འདེམས་བྱ་དགའི་བྱ་འགུལ་ཟི་ལིང་དུ་སྤེལ་ཞིང་། མཚོ་སྔོན་པོ་བརྗོད་བྱར་བཟུང་བའི་རྒྱལ་ཁབ་ཕྱི་ནང་གི་པར་ལེན་བརྩམས་ཆོས3500ལྷག་ཐེངས་འདིའི་ལེགས་འདེམས་བྱ་དགའ་འགྲན་བསྡུར་དུ་ཞུགས།
ཐེངས་འདིར་རྒྱལ་ཡོངས་སུ་ཁ་གཏད་དེ་བརྩམས་ཆོས་བསྡུ་ལེན་བྱས་ཤིང་། ཞུགས་མཁན་མི300ལྷག་དང་། རྒྱལ་ཁབ་ཕྱི་ནང་གི་མིང་གྲགས་པར་ལེན་པ20ལྷག་ཀྱང་ནང་དུ་ཞུགས་ཡོད་ལ། ལེགས་འདེམས་བྱེད་པའི་ཡུལ་དངོས་སུ་པར་ལེན་བརྩམས་ཆོས8000ལྷག་ཡོད་ནའང་མཚོ་སྔོན་པོའི་འགྱུར་བ་དང་མཛེས་སྡུག་གི་རྣམ་པ་སོགས་མི་འདྲ་བའི་དབང་གིས་འདྲ་པར་རེ་རེར་བརྗོད་དོན་གསལ་ཞིང་རེ་རེ་ནས་མཚོ་སྔོན་པོའི་ངོ་མཚར་སྣང་བརྙན་འབུར་དུ་བཏོད་ཡོད་པས། དཔྱད་འདེམས་པ་རྣམས་ཀྱིས་ཀྱང་ཇི་ལྟར་ལེགས་འདེམས་བྱེད་རྒྱུར་ཁག་པོ་བྱུང་།
གཙོ་སྒྲུབ་ཕྱོགས་ཀྱི་འབྲེལ་ཡོད་འགན་འཛིན་པས་མཚམས་སྦྱོར་བྱེད་རྒྱུར། མཚོ་སྔོན་ཞིང་ཆེན་གྱིས་མཚོ་སྔོན་པོ་བརྗོད་བྱ་བྱས་པའི་པར་ལེན་འགྲན་ཚོགས་ཐེངས་གསུམ་ལ་སྤེལ་མྱོང་ནའང་། ཐེངས་འདིའི་བརྩམས་ཆོས་དག་སྤུས་ཚད་མཐོ་ཞིང་། འགྲན་ཞུགས་མི་གྲངས་དང་བརྩམས་ཆོས་ཀྱི་གྲངས་འབོར་སོགས་ཆ་སྙོམས་སྒོས་སྔོན་ལོ་དག་ལས་བརྒལ་ཡོད་པ་དང་། 2011ལོའི་པར་ལེན་འགྲན་བསྡུར་འགོ་བརྩམས་དུས་རྒྱལ་ཁབ་ཕྱི་ནང་གི་བརྩམས་ཆོས8000ལྷག་བསྡུ་ཐུབ་པ་བྱུང་ཀྱང་ལེགས་འདེམས་བྱས་རྗེས་བརྩམས་ཆོས3500ལྷག་ལེགས་བདམས་བྱ་དགའི་ཁྲོད་ཚུད་པ་རེད། འདིས་མཚོ་སྔོན་པོའི་མིང་གྲགས་མཚན་བྱང་བསྐྲུན་པ་མངོན་པར་མཚོན་ལ་ཕྱོགས་ཡོངས་ནས་ཁས་ལེན་ཐོབ་པ་ཡིན་ཟེར།
ཐེངས་འདིར་བརྩམས་ཆོས110ལེགས་བདམས་བྱས་པ་ཡིན་ཏེ། ཨང་དང་པོ2དང་། ཨང་གཉིས་པ2། ཨང་གསུམ་པ5། ཕུལ་བྱུང་བྱ་དགའ100བཅས་རེད། བྱ་དགའ་ཐོབ་པའི་འགྲན་ཞུགས་བརྩམས་ཆོས་དག《མཚོ་སྔོན་པོ—མི་ཡུལ་གྱི་ཞིང་ཁམས》ཞེས་པའི་པར་ལེན་རིས་ཐོ་ཆེན་མོར་འགོད་རྒྱུ་ཡིན་པ་མ་ཟད། 2012ལོའི་ཀྲུང་གོའི་མཚོ་སྔོན་གཙང་གསུམ་འབྱུང་ཡུལ་རྒྱལ་སྤྱིའི་པར་ལེན་དུས་ཆེན་བརྗོད་དོན་འགྲེམ་སྟོན་དུ་ཞུགས་འཆར་ཡོད་པ་རེད།