ཁྱིམ་ཚང་རེ་རེས་དགུ་ཐུག་གྲ་སྒྲིག་བྱེད་པ།
དགུ་ཐུག་ལ་མཁོ་བའི་རྫས།
བོད་ལུགས་ཀྱི་ཟླ12བའི་ཚེས29ཉིན་དགུ་ཐུག་འཐུང་བ་དང་གདོན་འདྲེ་ཕྱིར་འབུད་བྱེད་པ་ནི་བོད་ལྗོངས་དམངས་ཁྲོད་ཀྱི་རྒྱུན་སྲོལ་ཞིག་ཡིན་ཞིང་། ཁྱིམ་རེ་རེས་གད་བདར་གཙང་སྦྲ་ཞིབ་ཚགས་བྱས་རྗེས་ཁྱིམ་གང་བོས་དགུ་ཐུག་ལ་རོལ་བ་ཡིན།
དེ་ཡང་ལོ་གཅིག་གི་འགལ་རྐྱེན་སེལ་བར་དམིགས་ནས་གླུད་རྫོང་བྱེད་པའི་ཡུལ་སྲོལ་རྒྱ་ཁྱབ་ཆེ་བ་ཞིག་ཡོད་པ་དེ་ལ་དགུ་ཐུག་ཅེས་འབོད། དེའི་རྩ་བའི་དམིགས་ཡུལ་ནི་ལོ་སྔོན་མའི་འགལ་རྐྱེན་མཐའ་དག་མཇུག་སྒྲིལ་བར་གླུད་རྫོང་བ་དང་། གདོན་འདྲེ་ཕྱིར་འབུད་བྱེད་པ། ཟས་རིགས་སྣ་ཁ་དགུ་ཡོད་པའི་བག་ཐུག་འཐུང་བ་བཅས་བྱེད་སྲོག་ཡོད། ཉིན་འདིར་བྱ་བ་གཞན་ཕར་བཞག་སྟེ་ཁང་ཁྱིམ་རེ་རེ་བཞིན་གད་བདར་གཙང་སྦྲ་ཞིབ་ཚགས་བྱེད་པ་དང་། ཐབ་ཚང་ལ་ལོ་གཅིག་རིང་ཆགས་པའི་དུ་དྲེག་རྣམས་གཙང་སེལ་བྱས་རྗེས་དགོང་དྲོ་ཁྱིམ་ཚང་གང་བོས་ཐུག་པ་བག་ཐུག་སྐོལ་བ་ཡིན། མི་སོ་སོའི་བསམ་པ་དང་སྤྱོད་ཚུལ་བཟང་ངན་མཚོན་བྱེད་གྲོ་ཞིབ་ལས་ཉི་ཟླ་སོགས་ཀྱི་གཟུགས་དབྱིབས་མི་འདྲ་བ་ཁག་ཅིག་བཟོ་བ་དང་། བག་ཚ་གཞན་ལས་ཅུང་ཆེ་ཙམ་བྱེད་པའི་ཕྱི་དབྱིབས་གཅིག་མཚུངས་ཀྱི་ནང་དུ་མཚོན་རྫས་སྣ་ཚོགས་བཅུག་པ་ཁག་ཅིག་བཟོ་ཞིང་། ཟས་རིགས་དེ་དག་སོ་སོས་བསམ་པ་དང་སྤྱོད་ཚུལ་བཟང་ངན་བརྟག་པ་ཡིན། ཆགས་བཞག་ན་ཉི་ཟླས་གཟི་བརྗིད་དང་སྙན་གྲགས་ལྡན་པ་མཚོན། གདན་ཆུང་གྲུ་བཞིས་དལ་དལ་ལྷོད་ལྷོད་ཡོང་བ་མཚོན། བལ་དཀར་པོས་བློ་སྣ་རིང་བ་གཤིས་བཟང་མཚོན། དཀར་ཡོལ་གྱིས་ལྟོ་ལ་དཀར་ཞིང་ལས་ལ་གཡོལ་བ་མཚོན་པ་ལྟ་བུ་དཔེ་མང་པོ་ཡོད།
དགུ་ཐུག་ནི་ནམ་རྒྱུན་གྱི་བག་ཐུག་དང་མི་འདྲ་བར་ཐུག་པའི་ནང་ཤ་དང་། ལ་ཕུག ཕྱུར་བ། གྲོ་མ་དང་། སྲན་སྦོས། སྔོ་ཚོད་སོགས་ཟས་རིགས་སྣ་ཁ་དགུ་འཛོམས་དགོས་པ་དང་། ཕྱོགས་གཞན་ཞིག་ནས་རྫ་ཁོག་ཆག་པོའམ། ལྕགས་ཁག་སོགས་ནོར་དུ་མི་ཉན་པའི་ཡོལ་གོ་ཞིག་གི་ནང་རྗེན་ཟན་གང་རུང་ལས་མི་གཟུགས་ཀྱི་སྙིགས་རོ། ཁྱིམ་ནང་གད་འཕྱིས་བྱས་པའི་གད་སྙིགས་ཕྲན་བུ།ནང་མི་རྒན་གཞོན་ཚང་མས་ལག་གཉིས་སུ་ཟན་གྱི་ཆང་བུ་རེ་བཟུང་སྟེ་སོ་སོའི་སྤྱི་གཙུག་ནས་རྐང་པའི་བར་ལ་དྲིལ་ཕྱིས་བྱེད་བཞིན་དུ་ངག་ནས“ཨ་ཚ་ཚ་བ། ལས་ཀྱི་ན་ཚ། སེམས་ཀྱི་སྡུག་བསྔལ། ལོ་གཅིག་ཟླ་བ་བཅུ་གཉིས། ཞག་མ་སུམ་བརྒྱ་དྲུག་ཅུ་ལ་ནད་རིགས་བཞི་བརྒྱ་རྩ་བཞི། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་གླུད་ཁྱོད་ཀྱིས་འཁྱེར་ལ། ཕྱི་རྒྱ་མཚོ་ཆེན་པོའི་ཕ་རོལ་དུ་སོང་ཞིག”སོགས་བརྗོད་མཐར་ལག་གཉིས་ཀྱིས་ཆང་བུ་དམ་པོར་བསྡམས་ནས་ལག་རྗེས་བཞག་པ་དེ་ལ་མཆིལ་མ་བཏབ་སྟེ་ངར་གླུད་ཀྱི་མཐའ་སྐོར་དུ་སྐྱུར་བ་སོགས་བྱེད་ཅིང་། སོག་མར་སྤར་ཏེ་ཁང་མིག་ཚང་མའི་ནང་ཞིབ་བཤེར་བྱས་ཏེ“མར་དོན་ཤོག”ཅེས་ང་རོ་དྲག་པོ་སྒྲོག་བཞིན་གླུད་ཕྱིར་རྫོང་གི་ཡོད།