ཨ་ཅག་ཚན་སྡེབ་བརྙན་འཕྲིན་ཁང་གསུམ་གྱི་ལོ་སར་དགོང་ཚོགས་སྟེང་བསྟོད་པའི་གླུ་དབྱངས་ཕུལ་བ།
མཚོ་སྔོན་བརྙན་འཕྲིན་ཁང་གིས་སྤེལ་བའི་བོད་ཀྱི་ལོ་སར་དགོང་ཚོགས་སྟེང་སྤྲོ་གླུ་ལེན་པ།
ཉེ་ཆར། གར་སྟེགས་སྟེང་ཀུན་གྱིས་དགའ་བསུ་ཐོབ་བཞིན་པའི་ཨ་ཅག་ཚན་སྡེབ་ཀྱིས་མཚོ་སྔོན་བརྙན་འཕྲིན་ཁང་དང་། ཁམས་པ་བརྙན་འཕྲིན་ཁང་། བོད་ལྗོངས་བརྙན་འཕྲིན་ཁང་བཅས་མདོ་དབུས་ཁམས་གསུམ་གྱི་བརྙན་འཕྲིན་ཁང་ཆེ་ཤོས་གསུམ་གྱིས་སྒྲིག་པའི་བོད་ཆུ་ཕོ་འབྲུག་ལོའི་ལོ་སར་དགོང་ཚོགས་སྟེང་གི་འཁྲབ་སྟོན་ཡོངས་བདེ་བླག་ངང་ཕབ་སྐྲུན་བྱས་ཚར་པ་རེད། ཨ་ཅག་ཚན་སྡེབ་ནི་བོད་ཁམས་ཡོངས་སུ་མཚན་སྙན་ཆེས་ཆེ་བའི་ཚན་སྡེབ་ཅིག་ཡིན་ཞིང་། མདོ་དབུས་ཁམས་གསུམ་གྱི་ལོ་རེའི་ལོ་སར་དགོང་ཚོགས་སྟེང་མངོན་པར་མཛེས་པའི་ཁྱད་ཆོས་ཤིག་ཏུ་གྱུར་འདུག ད་ལོའི་ལོ་སར་དགོང་ཚོགས་སྟེང་ཨ་ཅག་ཚན་སྡེབ་ཀྱིས་གླུ་གཞས་གསར་བ་གསུམ་སྟེ《ལྷ་བྱ་སྤུན་གསུམ》དང་། 《བརྩེ་བའི་ཉི་འོད་ཉག་ཅིག》། 《བཀྲ་ཤིས་མཛས་གཞས》བཅས་བོད་དམངས་རྣམས་ལ་བཀྲ་ཤིས་རྟེན་འབྲེལ་ཞུ་བར་སྙན་ཞིང་འཇེབས་པའི་གླུ་གཞས་གསུམ་བླངས་པ་རེད།
བོད་ལྗོངས་བརྙན་འཕྲིན་ཁང་གིས་སྤེལ་བའི་བོད་ཀྱི་ལོ་སར་དགོང་ཚོགས་སྟེང་སྤྲོ་གླུ་ལེན་པ།
གསར་དུ་སྒྲིག་པའི་གླུ་གཞས《བརྩེ་བའི་ཉི་འོད་ཉག་ཅིག》ཞེས་པ་ལས་ཨ་ཅག་ཚན་སྡེབ་ཀྱིས་གླུ་གཞས་འདི་ལ་བརྟེན་ནས་དྲི་མེད་ཟླ་འོད་བཞིན་རྣམ་པར་དཀར་བའི་ལྷག་བསམ་གྱིས་བརྩེ་བ་རྟོགས་པར་བྱེད་པའི་སྙིང་བོ་བརྗོད་ཡོད་པ་རེད། བོད་ཀྱི་ན་གཞོན་རྣམས་ཀྱི་མཚོན་བྱེད་དུ་གྱུར་བའི་ཨ་ཅག་ཚན་སྡེབ་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ལྷག་བསམ་རྣམ་དག་གིས་ཀུན་གྱི་སྙན་ལམ་དུ་སྙན་ཞིང་འཇེབས་པའི་གླུ་གཞས་ཕུལ་བར་བརྩོན་པ་དང་མཉམ་དུ། ཁོང་ཚོའི་མ་བསྐུལ་དང་བླངས་སྒོས་སྤྱི་ཕན་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་དགེ་བའི་ལས་སྒྲུབ་པའི་བསམ་སྦྱོར་བཟང་བོ་དང་། བོད་པ་བུ་མོའི་ཁྱད་ཆོས་ལྡན་ཞིང་ལང་ཚོ་དར་ལ་བབ་པའི་བྱད་གཟུགས་ལ་ཀུན་གྱིས་བསྟོད་པའི་མེ་ཏོག་གཏོར།
ཁམས་པ་བརྙན་འཕྲིན་ཁང་གིས་སྤེལ་བའི་བོད་ཀྱི་ལོ་སར་དགོང་ཚོགས་སྟེང་སྤྲོ་གླུ་ལེན་པ།
ཨ་ཅག་ཚན་སྡེབ་ཀྱིས2011ལོའི་ཟླ3པར་འགྲེམ་སྤེལ་བྱས་པའི་བརྙན་འཁོར《ཟླ་ངོགས་སུ་བསྐྱོད་པ》ཞེས་པས་དམངས་གླུར་བཅངས་པའི་སྔ་མའི་ལྟ་སྟངས་ལས་བརྒལ་ཏེ་བོད་ཀྱི་མཛའ་གཞས་ཀྱི་རྣམ་པ་གསར་བ་ཞིག་བསྐྲུན་པ་རེད།