logo

གླུ་བ་པདྨ་བསམ་གྲུབ་ཀྱི《ཁྱད་མཚར》ཞེས་པར་བོད་ཀྱི་ལོ་སར་དགོང་ཚོགས་སྟེང་དགའ་བསུ་ཐོབ་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-02-19 ཀློག་གྲངས།:


གླུ་བ་པདྨ་བསམ་གྲུབ་ཀྱིས་དགོང་ཚོགས་སྟེང་གླུ་གཞས་ལེན་བཞིན་པ།

              ཉེ་སྔོན། ཁམས་པ་བརྙན་འཕྲིན་ཁང་གིས་ཕབ་སྐྲུན་བྱས་པའི2012ལོའི་བོད་ཀྱི་ལོ་སར་དགོང་ཚོགས་སྟེང་དུ་དབྱངས་ཅན་ལྷ་མཛེས་དང་། ཨ་ལན་ཟླ་བ་སྒྲོལ་མ། འཇམ་དབྱངས་སྒྲོལ་མ། བསམ་ཁོ་སོགས་བོད་ཀྱི་གླུ་བ་གླུ་མ་གྲགས་ཅན་མང་པོ་གདན་འདྲེན་ཞུས་ཡོད་པར་མ་ཟད། ཐེངས་དང་པོར་དགོང་ཚོགས་སྟེང་གདན་འདྲེན་ཞུས་པའི་གསར་སྐྱེས་གླུ་བ་པདྨ་བསམ་གྲུབ་ཀྱིས་གཟིགས་མོ་བ་རྣམས་ལ་རྣ་བའི་གསོས་སུ་འགྱུར་བའི་གླུ་གཞས་སྙན་མོ་ཞིག་ཕུལ་རྒྱུ་རེད།
              གླུ་བ་པདྨ་བསམ་གྲུབ་ཀྱི་གླུ་གཞས《ཁྱད་མཚར》ཞེས་པས་དགོང་ཚོགས་དེར་ཀུན་ལས་ལྷག་པའི་སྤྲོ་སྣང་དྲག་པོ་ཞིག་བསྣན་པ་དང་མཉམ་དུ། ཁོའི་ཁུ་བྱུག་གྲེ་འགྱུར་ལྟ་བུའི་སྐད་ངག་སྙན་མོ་དང་གར་སྟེགས་སྟེང་གི་ཐུན་མོང་མ་ཡིན་པའི་ཉམས་འགྱུར་ལ་གཟིགས་མོ་བའི་དགའ་བསུ་ཆེན་པོ་ཐོབ་པས་སྙན་པའི་གྲགས་པ་དབྱར་རྔའི་ཟླ་བཞིན་རྒྱས་པར་གྱུར།གླུ་བ་པདྨ་བསམ་གྲུབ་ཀྱིས་བཤད་རྒྱུར། བོད་ཀྱི་ལོ་སར་ནི་བོད་མི་རིགས་ཀྱི་སྲོལ་རྒྱུན་གྱི་དུས་སྟོན་ཆེན་མོ་ཞིག་ཡིན་པས་ལོ་སར་དགོང་ཚོགས་སྟེང་གདན་འདྲེན་ཞུས་པར་དགའ་སྤྲོ་ཆེན་པོ་སྐྱེས་ཤིང་ཁོང་གི་རེ་བ་ནི་མ་འོངས་པར་སྔར་ལས་ལྷག་པར་མི་རིགས་ཀྱི་སྲོལ་རྒྱུན་གླུ་དབྱངས་རྒྱུན་འཛིན་བྱེད་དགོས་ཞེས་བརྗོད་པ་རེད།
              ཐེངས་འདིའི་ལོ་སར་དགོང་ཚོགས་ནི་ལུགས་གསར་གྱི་ཟླ2པའི་ཚེས21ཉིན་ཏེ་བོད་ལུགས་ཀྱི་གནམ་གང་དགོང་མོར་ཁམས་པ་བརྙན་འཕྲིན་ཁང་ནས་གཏོང་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།