གནའ་དེང་ཟུང་དུ་སྦྲེལ་བའི་བོད་ཀྱི་ལོ་གསར་དགོང་ཚོགས་སྤེལ་བ།
《གཡུ་འབྲུག་དགྱེས་པའི་ལོ་ཡག》ཅེས་པའི་འགོ་རྩོམ་ཞབས་བྲོ་འཁྲབ་བཞིན་པ།
“བདེ་སྐྱིད་དཔལ་ལ་རོལ། ལྷ་སར་བསྟོད་གླུ་འབུལ།”ཞེས་པའི་ལོ་གསར་སྤྲོ་ཚོགས།
བོད་ཀྱི་ལོ་གསར་ཐོན་ལ་ཉེ་བའི་དུས་སུ་ཡུལ་སོ་སོས་ཚ་ཚ་འུར་འུར་གྱིས་ལོ་གསར་དགོང་ཚོགས་ལེགས་སྒྲིག་བྱེད་བཞིན་པའི་སྒང་ཡིན་ལ། ལོ་གསར་དགོང་ཚོགས་ནི་མང་ཚོགས་ཀྱིས་དུས་སྟོན་ཆེན་མོ་འདི་རོལ་བའི་མིག་གི་དགའ་སྟོན་ཕུན་སུམ་ཚོགས་པ་ཞིག་ཏུ་གྱུར་འདུག
ཟླ2པའི་ཚེས13ཉིན། “བདེ་སྐྱིད་དཔལ་ལ་རོལ། ལྷ་སར་བསྟོད་གླུ་འབུལ།”ཞེས་པའི་ལྷ་ས་གྲོང་ཁྱེར་གྱི2012བོད་ཆུ་ཕོ་འབྲུག་ལོའི་ལོ་གསར་དགོང་ཚོགས་གཟབ་རྒྱས་ངང་བསྡུས་པ་རེད། ཕུན་སུམ་ཚོགས་པོའི་ཟློས་གར་འཁྲབ་སྟོན་དང་། གཟི་དཔལ་འབར་བའི་གཉུག་གནས་ཞབས་བྲོ། སྙན་ཞིང་འཇེབས་པའི་དམངས་གླུ། གད་མོ་སློང་བའི་ཁ་ཤགས་སོགས་འཁྲབ་སྟོན་རབས་དང་རིམ་པ་སྤེལ་ནས་བོད་ཁམས་ཡོངས་ཀྱི་མི་དམངས་མང་ཚོགས་ལ་རིག་གནས་ཀྱི་སྤྲོ་སྟོན་ཆེན་མོ་ཞིག་ཕུལ་བ་རེད།
《ཚེ་རིང་ལོ་བརྒྱ》ཞེས་པའི་ཞབས་བྲོ་འཁྲབ་ནས་རྒན་པའི་བདེ་སྐྱིད་ཀྱི་འཚོ་བ་མངོན་པར་མཚོན།
གར་སྟེགས་སྟེང་མེད་དུ་མི་རུང་བའི་སྲོལ་རྒྱུན་གྱི་ཟློས་གར།
ན་ཆུང་བྱིས་པ་རྣམས་ཀྱིས་ལག་རྡེང་སྦྲེལ་ནས་བྱིས་གླུ་ལེན་བཞིན་པ།
ཁྱད་དུ་འཕགས་པའི་ལོ་གསར་དགོང་ཚོགས་ཤིག་མང་ཚོགས་རྣམ་པའི་སྤྱན་ལམ་དུ་འབུལ་བར་དམིགས་ནས་འཁྲབ་སྟོན་ཚོ་ཁག་གིས་ན་ནིང་གི་ཟླ8པ་ནས་གྲ་སྒྲིག་བྱེད་འགོ་བརྩམས་ཤིང་། སྒྲིག་འཁྲབ་ཚོ་ཁག་གིས་ཡུལ་སོ་སོ་ནས་རྒྱུ་ཆ་འཚོལ་བསྡུ་དང་གསར་རྩོམ་བྱས་ཏེ་ལེ་ཚན་ལེགས་སྒྲིག་བྱེད་པའི་ལས་ལ་གཞུག རྒྱུས་ལོན་བྱུང་བ་ལྟར་ན་ཐེངས་འདིའི་དགོང་ཚོགས་སྟེང་འཁྲབ་སྟོན་པ1500ལྷག་ཞུགས་ཡོད་པས་འཁྲབ་སྟོན་པའི་དཔུང་སྡེའི་ཤུགས་སྔར་ལས་ཆེ་ལ། ལྟ་མཁན་རྣམ་པས་དགའ་བསུ་བྱེད་བཞིན་པའི་གཉུག་གནས་ཀྱི་འཁྲབ་སྟོན་ལེ་ཚན་སྟེ་མངའ་རིས་ཞབས་བྲོ་དང་གླིང་གེ་སར་རྒྱལ་པོའི་སྒྲུང་སོགས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་གྲས་ཀྱི་སྲོལ་རྒྱུན་རིག་གནས་ལེ་ཚན་སྔར་ལས་ཇེ་མང་དུ་སོང་བ་རེད།