བོད་ལྗོངས་རྨེ་རུ་དགོན་དཔར་ཁང་གི་ནང་ཆོས་བསྟན་བཅོས་འགྲེམ་འཚོང་པུའུ་ལ་དགའ་བསུ་ཐོབ་བཞིན་པ།
བོད་ལྗོངས་ནང་བསྟན་མཐུན་ཚོགས་རྨེ་རུ་དགོན་དཔར་ཁང་གིས་ནང་ཆོས་བསྟན་བཅོས་འགྲེམ་འཚོང་པུའུ་བཙུགས་ནས་ལོ་གཉིས་འགོར་བའི་རིང་དུ་བོད་བརྒྱུད་ནང་བསྟན་རིག་གནས་ཁྱབ་སྒྲོག་དང་གྲྭ་བཙུན་རྣམས་ལ་ཞབས་ཞུ་བསྒྲུབ་པར་དགོངས་དོན་དུ་བྱས་པས་ཀུན་གྱི་དགའ་བསུ་ཆེན་པོ་ཐོབ།
ལས་གཉེར་བས་མཚམས་སྦྱོར་བྱས་པ་ལྟར་ན་འགྲེམ་འཚོང་སྟེང་དུ་ཕྱིར་འཚོང་བྱས་པ་ཆེས་མང་བ་ནི་བོད་ཡིག་གི་ཆོས་དཔེ་ཡིན་པ་དང་། ཆེས་ཁྱད་ཆོས་ལྡན་པ་ནི་བོད་རྒྱ་ཡིག་རིགས་པར་གཞིའི《བོད་ལྗོངས་ནང་བསྟན》ཞེས་པའི་དུས་དེབ་ཡིན་པ་རེད།
ཀྲུང་གོའི་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཚན་ཚོགས་ནི་བོད་བརྒྱུན་ནང་བསྟན་གྱི་ཚབ་མཚོན་རང་བཞིན་ལྡན་པའི་ཆོས་ལུགས་ཀྱི་ཚོགས་ཁག་ཅིག་ཡིན་ཞིང་། ཚོགས་ཁག་འདིས་རྒྱལ་གཅེས་ཆོས་མོས་དང་མཐུན་སྒྲིལ་མཉམ་སྐྱོད་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་རིགས་སོ་སོའི་བྱ་བ་སྤེལ་བ་དང་མཉམ་དུ། ཁོངས་གཏོགས་ལས་ཁུངས་ཏེ་ནང་བསྟན་མཐུན་ཚོགས་དཔར་ཁང་ལ་རམ་འདེམས་བྱས་ཏེ་ནང་ཆོས་བསྟན་བཅོས་འགྲེམ་འཚོང་པུའུ་བཙུགས་པ་ནི་ཁོང་ཚོའི་གྲུབ་འབྲས་ཆེན་པོ་ཞིག་ཏུ་མངོན།
འགྲེམ་འཚོང་སྟེང་དུ་ཕྲེང་བ་དང་། མཆོད་མར། བུམ་པ། ཁ་བཏགས། ཐང་ག ཆོས་དཔེ། བོད་སྤོས་སོགས་མཆོད་རྫས་དང་ཆོས་ཀྱི་རྟེན་སྣ་ཚོགས་ཡོད་པར་མ་ཟད། གཟན་ཤམ་དང་དབུ་ཞྭ་སོགས་གྲྭ་བའི་མཁོ་ཆས་སྣ་ཚོགས། དེ་མིན་བོད་ལྗོངས་ནང་བསྟན་གྱི་དུས་དེབ་སོགས་མང་དུ་འདུས་པས་ཁྱད་ཆོས་ལྡན་པའི་ཆོས་ལུགས་ཀྱི་མཁོ་ཆས་ཆེད་འཚོང་ཁང་ཞིག་ཡིན་པ་རེད།