logo

བོད་ལྗོངས་དགོན་པ་ཁག་གིས་གནའ་དཔེ་སྲུང་སྐྱོང་སྒོས་མི་རིགས་རིག་གནས་རྒྱུན་འཛིན་བྱེད་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-02-11 ཀློག་གྲངས།:

           2006ལོ་ནས་བཟུང་སེ་ར་དགོན་པ་དང་ར་ས་འཕྲུལ་སྣང་གཙུག་ལག་ཁང་གཉིས་མཉམ་དུ་མ་དངུལ་བཏང་ནས་འཛུགས་སྐྲུན་གནང་བའི་སེ་ར་དང་གཙུག་ལག་ཁང་གི་ནང་བསྟན་གནའ་དཔེ་བསྡུ་སྒྲིག་ཆོས་དཔར་ཁང་གིས་ད་ལྟའི་བར་གནའ་དཔེ3000ལྷག་བསྡུ་སྒྲིག་གནང་ཡོད་ཅིང་ཕུལ་བྱུང་གནའ་དཔེ328དཔེ་སྐྲུན་མཛད་ཡོད།
           སེ་ར་དང་གཙུག་ལག་ཁང་གི་ནང་བསྟན་གནའ་དཔེ་བསྡུ་སྒྲིག་ཆོས་དཔར་ཁང་དེ་སེ་ར་དགོན་པའི་གླིང་ཆུང་ངུ་ཞིག་ཏུ་གནས་ཤིང་།  2006ལོར་མ་དངུལ་སྒོར་ཁྲི300བཏང་སྟེ་འཛུགས་སྐྲུན་བ་ཡིན་པ་དང་།  དེར་དགོན་པའི་གྲྭ་བཙུན་དང་རིག་གནས་ལས་ཁུངས་ཀྱི་ཤེས་ཡོན་པ་སོགས་ཡོད། 
          ཆོས་སྐྱོང་ཞེས་པའི་གནའ་དཔེ་དེ་ནི་ལོ900ཡར་སྔོན་གྱི་ཆོས་ལུགས་ལོ་རྒྱུས་ཀྱི་གནའ་དཔེ་ཞིག་ཡིན་པ་དང་། དེར་གསོ་རིག་དང་།  དམངས་སྲོལ་སོགས་ཀྱི་ནང་དོན་འདུས་ཤིང་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་གྱི་ཡོད།  དེ་མིན་ལས་ཁུངས་འདིས་ད་སྔ་བསྡུ་སྒྲིག་བྱས་པའི་གནའ་དཔེ3000ལྷག་ལས་ཁ་ཤས་ཤིག་ལོ་བརྒྱ་དང་ཐ་ན་སྟོང་ཕྲག་གི་ལོ་རྒྱུས་ལྡན་ལ།  འགའ་ཤས་ཤིག་ད་དུང་བླ་ཆེན་རྣམས་ཀྱི་ལག་བྲིས་ཡིན་པས་དཀོན་ནོར་དུ་གྱུར་འདུག
          གནའ་དཔེ་བསྡུ་སྒྲིག་དང་པར་སྐྲུན་གནང་བ་འདིས་སེ་ར་དགོན་པ་དང་གཙུག་ལག་ཁང་གི་བླ་གྲྭ་ཡོངས་ཀྱི་དགོས་མཁོ་བསྐངས་བ་མ་ཟད་མི་རིགས་རིག་གནས་ཀྱང་རྒྱུན་འཛིན་དར་སྤེལ་བཏང་ཡོད།
          རྒྱུས་ལོན་པ་ལྟར་ན།  ཁོ་ཚོས་ད་ལྟའི་བར་གནའ་དཔེ328པར་སྐྲུན་གནང་ཡོད་པ་མ་ཟད་དགོན་པ་ཁག་གི་དཔེ་ཁང་དང་། འབྲེལ་ཡོད་སྤྱི་ཚོགས་ཚན་ཞིབ་ལས་ཁུངས། སློབ་ཆེན་གྱི་དཔེ་ཁང་སོགས་སུ་རིན་མེད་ངང་ཕུལ་ཞིང་།  ཀློག་པ་པོ་གང་མང་གི་དཔེ་ཀློག་དང་ཞིབ་འཇུག་གི་འདོད་ཁ་བསྐངས་བ་རེད།


འབྲེལ་ཡོད་འོས་སྦྱོར།