logo

དད་ལྡན་མང་ཚོགས་ཀྱིས་པཎ་ཆེན་བདེ་སྐྱིད་དགོན་དུ་བཅོ་ལྔའི་མཆོད་པ་འབུལ་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-02-07 ཀློག་གྲངས།:


སེར་ལེམ་ལེམ་བྱེད་པའི་མཆོད་མེའི་མཆོད་པ།

  ལུགས་རྙིང་གི་ཟླ1པའི་ཚེས15ཉིན་ནི་ལོ་སར་དུས་སྟོན་གྱི་མཐའ་མཇུག་གི་ཉིན་མོ་ཡིན་པས་དུས་སྟོན་འདི་བདེ་ལེགས་ངང་མཇུག་སྒྲིལ་བར་རྟེན་འབྲེལ་ཞུ་བ་དང་མཉམ་དུ་ལོ་སར་སྐྱེལ་བའི་སྲོལ་ལུགས་ཤིག་ཆགས་ཡོད་ཅིང་། ཉིན་འདིར་མདོ་དབུས་ཁམས་གསུམ་གྱི་བོད་རིགས་མང་ཚོགས་རྣམས་ཀྱིས་གླུ་ལེན་གར་རྩེད་དང་། མདའ་འཕེན་འགྲན་སྡུར། གཉེན་སྟོན་སོགས་སྤྲོ་དགའི་དཔལ་ལ་རོལ་པར་མ་ཟད། དཀོན་མཆོག་གསུམ་དང་ཡུལ་ལྷ་གཞི་བདག་རྣམས་ལ་མཆོད་པ་རྒྱ་ཆེན་པོ་བགྱི་བཞིན་ཡོད།
  རྒྱ་ལོ་བཅོ་ལྔའི་ཉིན་དེར་མདོ་སྨད་མཚོ་ལྷོའི་ཡུལ་གྱི་དད་ལྡན་མང་ཚོགས་རྣམས་ཀྱིས་ཉི་རྩེ་ཤར་རིའི་རྒྱབ་ནས་འཕགས་མ་ཐག་བསང་རྩི་དང་མཆོད་རྫས་སྣ་ཚོགས་བཟུང་ནས་པཎ་ཆེན་བདེ་སྐྱིད་དགོན་དུ་སོང་ནས་ལྷ་བསང་གཏོང་བ་དང་། མཆོད་མེ་འཇོག་པ། ཕྱག་འཚལ་བ། ཆོས་སྐོར་རྒྱག་པ་སོགས་རྣམ་དཀར་དགེ་བའི་ལས་ཅི་རིགས་སྒྲུབ་ཏེ་བཀྲ་ཤིས་རྟེན་འབྲེལ་ཡང་ཡང་འཛོམས་པ་དང་འགྲོ་ཀུན་འཚེ་བ་མེད་པར་མཐུན་རྐྱེན་ཕུན་སུམ་ཚོགས་པའི་སྨོན་ལམ་འདེབས་བཞིན་མཆིས།


དད་ལྡན་མང་ཚོགས་རྣམས་མ་སྐུལ་རང་འགུལ་སྒོས་པཎ་ཆེན་བདེ་སྐྱིད་དགོན་དུ་སོང་ནས་མཆོད་པ་འབུལ་བ།

  པཎ་ཆེན་བདེ་སྐྱིད་དགོན་ནི་མཚོ་ལྷོ་ཁུལ་ཆབ་ཆ་གྲོང་རྡལ་གྱི་ཤར་ཕྱོགས་སྤྱི་ལེ་གསུམ་ལྷག་གི་གནས་སུ་ཆགས་ཡོད་ལ། ཆོས་སྡེ་འདི་ནི་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་ཆོས་ཀྱི་རྒྱལ་མཚན་མཆོག་འཚོ་བཞེས་གནང་བའི་སྐབས་སུ་གནས་འདིར་ཕེབས་ནས་ཡུལ་འདིའི་དད་ལྡན་མང་ཚོགས་ལ་ཆོས་ཀྱི་དབང་ཐེངས་དུ་མར་བསྐུར་བས། ཕྱིས་སུ་པཎ་ཆེན་རིན་པོ་ཆེའི་དགོངས་པ་ཆོས་དབྱིངས་སུ་འཐིམས་རྗེས། སྤྱི་ལོ1990ལོར་པཎ་ཆེན་རིན་པོ་ཆེ་ལ་རྗེས་དྲན་བྱེད་པའི་ཆེད་དུ་བྱང་ཆུབ་མཆོད་རྟེན་ཞིག་བཞེངས་པ་ཡིན་ཞིང་། ཡུལ་འདི་གའི་མང་ཚོགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་པཎ་ཆེན་རིན་པོ་ཆེའི་བཀའ་དྲིན་སྙིང་དབུས་སུ་བཅངས་ནས་ཆོས་ཀྱི་མཆོད་པ་ཟམ་མི་ཆད་པ་བྱས་པར་བརྒྱུད་རིམ་གྱིས་འཕེལ་རྒྱས་བྱུང་ནས་ཆོས་སྡེ་ཆེན་མོ་ཞིག་ཏུ་ཆགས་པ་རེད།
  ལོ་རེའི་ཆོས་ལུགས་ཀྱི་དུས་སྟོན་ནམ་ཡང་ན་དམངས་ཁྲོད་ཀྱི་དུས་སྟོན་གྱི་སྐབས་སུ་ཆབ་ཆའི་ཡུལ་གྱི་དད་ལྡན་མང་ཚོགས་རྣམས་པཎ་ཆེན་བདེ་སྐྱིད་དགོན་དུ་སོང་ནས་ཆོས་ཀྱི་མཆོད་པ་ཅི་རིགས་བགྱི་བ་ནི་ཡུལ་འདིའི་མང་ཚོགས་ཀྱི་ནམ་རྒྱུན་གྱི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་གྲུབ་ཆ་གཙོ་བོ་ཞིག་ཏུ་གྱུར་འདུག


འབྲེལ་ཡོད་འོས་སྦྱོར།