ཉག་ཕྲན་མདའ་མོའི་རྩལ་འགྲན་ཏེ་སྟག་ཤར་རའི་དཔའ་རྩལ་མངོན་པ།
མདའ་འབེན་ལ་ཕོག་པར་དགའ་སྤྲོ་ཆེན་པོས་གནམ་ལ་ལྡིང་བཞིན་ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ་ཞེས་སྐད་གསང་མཐོན་པོར་སྒྲོག་པ།
སྔ་མོའི་མཚོན་ཆ་ནས་དེང་སྐབས་སྤྲོ་རྩེད་ཀྱི་ལག་ཆ་རུ་གྱུར་པའི་ཉག་ཕྲན་མདའ་མོ་ལ་ལོ་རྒྱུས་ཀྱི་བྱུང་བ་རིང་མོ་ལྡན་པའི་ཁར། ལོ་ཟླའི་འཕེལ་རིམ་ཁྲོད་མི་རབས་སོ་སོའི་བློ་གྲོས་ཀྱི་ཉིང་བཅུད་དང་ཡུལ་ལུང་སོ་སོའི་ཁྱད་ཆོས་ཀྱིས་ཕྱུག་པར་བརྟེན་མདའ་རྩེད་བྱེད་པའི་དམངས་སྲོལ་རིག་གནས་ཁྱད་དུ་འཕགས་པ་ཞིག་རིམ་གྱིས་གྲུབ་ཡོད་པ་རེད། “མདའ”ཞེས་པའི་ཐ་སྙད་ནི་བོད་ཁམས་སུ་རྒྱུན་འབྱམས་སུ་གྱུར་ལ་གནའ་ནས་དེང་བར་དུ་བོད་མའི་འཚོ་བ་དང་དམ་པོར་འབྲེལ་ཞིང་། ལྷག་པར་དུ་དེང་གི་དུས་དེར་མདའ་རྩེད་ནི་བོད་ཡུལ་ཆོལ་ཁ་གསུམ་གྱི་དུས་སྟོན་ཁྲོད་མེད་དུ་མི་རུང་བའི་རྩེད་སྲོལ་གལ་ཆེན་ཞིག་ཏུ་གྱུར་འདུག
མདའ་བས་ཡིད་ཆེས་བརྟན་མོའི་ངང་མདའ་འཕེན་བཞིན་པ།
ལྷ་འབོད་ཀླུ་འབོད་བྱས་ནས་སྐུ་ཡའི་མདའ་འགོག་བཞིན་པ།
ལུགས་རྙིང་གི་ཟླ1པའི་ཚེས15ཉིན་ལོ་སར་སྐྱེལ་བའི་དུས་བཟང་དང་བསྟུན་ནས་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་གི་ཉིན་བཞིའི་རིང་གི་མདའ་འཕེན་འགྲན་སྡུར་བདེ་བླག་ངང་མཇུག་སྒྲིལ་བ་རེད། རྒྱུས་ལོན་བྱུང་བ་ལྟར་ན་ཐེངས་འདིའི་མདའ་འཕེན་འགྲན་སྡུར་སྟེང་གསེར་ཆེན་རྫོང་གི་སྡེ་བ43ནས་ཡོང་བའི་མདའ་བ860ལྷག་ཞུགས་ཡོད་པ་རེད། ལུགས་རྙིང་གི་ཟླ1པའི་ཚེས12ཉིན་ནས་མདའ་འཕེན་འགྲན་སྡུར་གྱི་འགོ་བརྩམས་ཤིང་། ཉིན་བཞིའི་རིང་དུ་ཚ་ཚ་འུར་འུར་གྱིས་རྒྱལ་ཕམ་འགྲན་སྡུར་བྱས་མཐར་སྡེ་བ་བཞི་ལ་བྱ་དགའ་ཐོབ་པ་སྟེ། ཨང་དང་པོ་ཆབ་ཆ་གྲོང་རྡལ་ཞིང་ཁ་ནུབ་མ་སྡེ་བར་སྒོར་ཁྲི་གཅིག་གི་བྱ་དགའ་ཐོབ་པ་དང་། ཨང་གཉིས་པ་ཐེ་གེ་ཡུལ་ཚོའི་ཧོ་ལོ་སི་གོང་མར་སྒོར་སྟོང་བརྒྱད་ཀྱི་བྱ་དགའ་ཐོབ། ཨང་གསུམ་པ་ཐང་དཀར་མ་གྲོང་རྡལ་ཀུན་དགའ་སྡེ་བར་སྒོར་སྟོང་དྲུག་གི་བྱ་དགའ་ཐོབ། ཨང་བཞི་བ་ཐེ་གེ་ཡུལ་ཚོ་ཐེ་གེ་སྡེ་བར་སྒོར་སྟོང་བཞིའི་བྱ་དགའ་ཐོབ་པ་རེད།
མཇལ་འབེན་སྟེང་དུ་མདའ་མོ་གཅིག་རྗེས་གཉིས་མཐུད་དུ་ཕོག་པ།