མཚོ་སྔོན་པོ་དྲ་བས་བོད་ཆུ་ཕོ་འབྲུག་ལོའི་ལོ་སར་ལ་བཀྲ་ཤིས་བདེ་ལེགས་ཞུ།
གནམ་ལོ་གསར་བའི་ཉི་གཞོན་མཐོན་མཐིངས་མཁའ་དབྱིངས་སུ་འཆར་པའི་དུས་ཕུན་སུམ་ཚོགས་པའི་རྟེན་འབྲེལ་དང་བསྡོངས་ནས། ནོར་འཛིན་སྒེག་མོའི་ཡངས་པའི་ཁྱོན་དུ་དྲོ་ཞིང་འཇམ་པའི་དཔྱིད་ཀྱི་དྲི་གཞོན་ཐོག་མ་དལ་གྱིས་ལྡང་བྱུང་ལ། སའི་ཆ་གླང་བོའི་སྤྱི་གཙུག་ལྟར་མཐོ་ཞིང་ཕྱོགས་ཀུན་གངས་རི་མུ་ཁྱུད་ཀྱི་ཕྲེང་བས་བསྐོར་བའི་ལྗོངས་སུ་ཤིས་པའི་དགེ་མཚན་གསལ་ལེར་ཤར་བྱུང་། ཡུལ་ཕ་མ་སྤུན་ཟླ་འཛོམས་པའི་གཡང་ཁྱིམ་གོར་མོ་དེ་རུ་བདེ་སྐྱིད་ཀྱི་དཔལ་གྱིས་བརྟས་བྱུང་།
འཚོ་བའི་མངར་སྐྱུར་ཅི་རིགས་འདྲེས་པའི་ལྕགས་མོ་ཡོས་ལོ་མཉེན་ལྕུག་གར་གྱིས་ཕར་བསྐྱལ་ཞིང་ཡིད་ཆེས་དང་རེ་སྙེག་གིས་ཁེངས་པའི་ཆུ་ཕོ་འབྲུག་ལོ་སྙན་མོ་གླུ་ཡིས་ཚུར་བསུ་བའི་བཀྲ་ཤིས་དུས་བཟང་འདིར། ངེད་དྲ་རྒྱའི་ཁོངས་མི་ཡོངས་ཀྱིས་འདས་པའི་ལོ་ཟླའི་ནང་དུ་མཚོ་སྔོན་པོ་དྲ་རྒྱ་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བར་ཉིན་མཚན་དབྱེར་མེད་དུ་བརྩོན་པའི་རྔུལ་ཆུ་གང་མང་བཏོན་མྱོང་བའི་བོད་ཁུལ་གྱི་སྨྱན་བྱད་དང་། ལས་ཁུངས། སློབ་གྲྭ་སོ་སོ་ན་ཡོད་པའི་གསར་འགོད་པ་སོགས་སྐྱེས་བུའི་ཚོགས་ཀྱིས་ལྷག་སེམས་རྣམ་དག་གིས་ཆ་འཕྲིན་ཕུན་སུམ་ཚོགས་པོར་བཏང་སྟེ་མཚོ་སྔོན་པོ་དྲ་བའི་སྙན་པའི་གྲགས་པ་དབྱར་རྔའི་ཟླ་བཞིན་རྒྱས་པར་བྱེད་པ་དང་། བོད་ཁམས་ཡོངས་ཀྱི་སྲིད་འབྱོར་རིག་གསུམ་བཅས་པའི་འཕེལ་རྒྱས་དང་འཕོ་འགྱུར་ཡང་དག་པར་དྲིལ་སྒྲོག་བྱེད་པར་མཛད་རྗེས་བླ་ན་མེད་པ་བསྐྲུན་ཡོད་པས་ཁྱེད་ཅག་ལ་ཞེ་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བར་མ་ཟད། མཚོ་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དུས་དང་རྣམ་པ་ཀུན་ཏུ་དྲ་རྒྱའི་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་བྱ་གཞག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་བ་ཡིན། ང་ཚོ་དང་མཉམ་དུ་དམིགས་པ་གཅིག་ཏུ་གཏད་ནས་ཐུན་མོང་གིས་བརྩོན་པ་ལྷུར་ལེན་བྱས་པར་བརྟེན་ནས་དྲ་རྒྱ་འདི་ཉིད་རིམ་གྱིས་མཚར་ལོངས་བྱུང་ཞིང་འབྲས་བུ་མཚར་དུ་དངར་བ་ཐོན་པས། ཁྱེད་རྣམ་པའི་བཀའ་དྲིན་ནམ་ཡང་ཡལ་བ་མེད་པར་སེམས་ཁོངས་སུ་འཇགས་ཤིང་། རྗེས་སོར་ཡང་ང་ཚོ་ཚང་མས་མུ་མཐུད་དུ་ཕྱར་བ་གྲུ་འདེགས་དང་མཐུན་སྒྲིལ་གྱི་ཨ་ལོང་གཅིག་ཏུ་སྒྲིལ་ཏེ་ཐུན་མོང་གི་རིག་པའི་ལྡིང་ཁང་འདི་ཉིད་རྒུད་པ་མེད་པར་གོང་ནས་གོང་དུ་སྤེལ་རྒྱུའི་རེ་འདུན་ཞུ།
མཇུག་མཐར་དྲི་མེད་ཟླ་ཟེར་བཞིན་དཀར་བའི་ལྷག་བསམ་རྣམ་པར་དག་པས་གནམ་ལོ་གསར་བའི་བཀྲ་ཤིས་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག ལག་པའི་པདྨོ་སྙིང་ཁར་ཟུམ་སྟེ་བོད་ཡུལ་ཆོལ་ཁ་གསུམ་དུ་དབང་གི་རྒྱལ་པོ་མངའ་བ་ཇི་བཞིན་སྡེ་བཞིའི་དཔལ་གྱིས་གཏམས་ཤིང་མངའ་ཐང་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་ཇི་བཞིན་ཟླུམ་གཟུགས་གོ་ལའི་མཁའ་རུ་མངོན་པར་འཕགས་པ་དང་། རྒྱལ་ཁབ་ཕྱི་ནང་དུ་མངའ་བའི་ཤ་རུས་གདུང་རྒྱུད་གཅིག་པའི་བོད་རིགས་སྤུན་ཟླ་ཡོངས་མི་འདོད་རྐྱེན་དང་འཚེ་བ་ཡང་ཡེ་མི་མཆིས་པར་མཐུན་རྐྱེན་དལ་འགྲོ་ཆུ་བོའི་རྒྱུན་བཞིན་རིང་ནས་རིང་དུ་མཆིས་ཤིང་བསོད་ནམས་ལོངས་སྤྱོད་ཀྱི་དཔལ་ཡོན་དབྱར་མཚོ་ལྟར་རྒྱས་པའི་བཀྲ་ཤིས་སྨོན་འདུན་ཞུའོ། །