བྲག་དཀར་རྫོང་གིས་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་རོགས་དངུལ་གནང་བའི་མཛད་སྒོ།

ཐོན་སྐྱེད་རྒྱུ་ཆ་ཕྱོགས་བསྡུས་རོགས་དངུལ་གནང་བ།
ཟླ12བའི་ཚེས29ཉིན། བྲག་དཀར་རྫོང་གིས་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་རོགས་དངུལ་མ་ལག་ཐོན་སྐྱེད་ཕྱོགས་བསྡུས་རོགས་དངུལ་གནང་བའི་མཛད་སྒོ་དེ་བྲག་དཀར་རྫོང་སྲིད་གཞུང་ར་བ་རུ་གཟབ་རྒྱས་ངང་བསྡུས་ཤིང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཚེ་རིང་ཐར་དང་། ཁུལ་ཞིང་ཕྱུགས་ལས་ཅུའི་འགོ་གཙོ་ཆོས་སྐྱོང་དང་འགོ་གཙོ་གཞོན་པ་ཡུལ་ལྷ་ཚེ་རིང་། བྲག་དཀར་རྫོང་ཨུ་དང་རྫོང་སྲིད་གཞུང་། རྫོང་སྲིད་གཞུང་གི་འགོ་ཁྲིད། རྫོང་ཞིང་ཕྱུགས་ལས་པུའི་འགན་ཁུར་བ། ཡུལ་ཚོ་དང་གྲོང་རྡལ་སོ་སོའི་འབྲེལ་ཡོད་འགོ་ཁྲིད་དང་རྫོང་ཡོངས་ཀྱི་ཕྱུགས་ལས་སྡེ་བ40ཡི་འབྲོག་ཁྱིམ5000ལྷག་ཐེངས་འདིའི་མཛད་སྒོ་ལ་ཞུགས་པ་རེད།

《རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་རོགས་དངུལ་མ་ལག་དམིགས་ཡུལ་གྱི་འགན་འཁྲི་
ཡི་གེ་དངོས་འབེབ་བྱེད་པ》ཞེས་པར་མིང་རྟགས་འགོད་པ།
མཛད་སྒོ་འདིའི་སྟེང་། རྫོང་སྲིད་གཞུང་དང་། ཡུལ་ཚོ་དང་གྲོང་རྡལ་སོ་སོའི་འགོ་གཙོས《རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་རོགས་དངུལ་མ་ལག་དམིགས་ཡུལ་གྱི་འགན་འཁྲི་ཡི་གེ་དངོས་འབེབ་བྱེད་པ》ཞེས་པར་མིང་རྟགས་བཀོད་ཅིང་། ཁུལ་དཔོན་གཞོན་པ་ཚེ་རིང་ཐར་སོགས་ཁུལ་དང་རྫོང་གི་འགོ་ཁྲིད་ཀྱིས་ཕྱུགས་ལས་སྡེ་བའི་འབྲོག་ཁྱིམ40ལ་ཐོན་སྐྱེད་རྒྱུ་ཆ་ཕྱོགས་བསྡུས་རོགས་དངུལ་བསྡོམས་པས་སྒོར་ས་ཡ4.5535གནང་བ་དང་། ཐེངས་འདིའི་མཛད་སྒོ་ནི་བྲག་དཀར་རྫོང་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་རོགས་དངུལ་གནང་བའི་བྱ་བའི་འགོ་བརྩམས་ཏེ་ཕྱུགས་ལས་ལ་ཕན་པའི་སྲིད་ཇུས་འདི་མཚོ་ལྷོ་ཁུལ་དུ་དངོས་ཡོད་རང་བཞིན་གྱི་གོམ་སྟབས་དང་པོ་བསྒྱུར་བ་རེད།
ཐོན་སྐྱེད་རྒྱུ་ཆ་ཕྱོགས་བསྡུས་རོགས་དངུལ་གནང་བའི་བྱ་འགུལ་འདི་བརྒྱུད་དེ་སྔ་ན་མེད་པའི་སྒོ་ནས་རྒྱ་ཆེའི་རོང་འབྲོག་མང་ཚོགས་བྱ་བ་འདིར་ཞུགས་པའི་རང་འགུལ་རང་བཞིན་སྐུལ་སློང་བྱས་ཤིང་། མང་ཚོགས་འགས་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་རོགས་དངུལ་མ་ལག་ལ་བཟུང་བའི་ཕྱོགས་ལྷུང་གི་ལྟ་སྟངས་བསྒྱུར་ཏེ་ཕྱོགས་ཡོངས་ནས་བྱ་བ་འདི་ཡར་སྐུལ་བྱེད་པར་དྲིལ་སྒྲོག་དང་གཙོ་ཁྲིད་ཀྱི་ནུས་པ་ཐོན་བྱུང་།
