སྨར་ཁམས་ཚྭ་ཁ་ལྷོའི་ཕུན་སུམ་ཚོགས་པོའི་ཚྭའི་ཐོན་ཁུངས།
རྫ་ཆུའི་འགྲམ་རྒྱུད་ཀྱི་ཚྭ་ཞིང་།
སྨར་ཁམས་ཚྭ་ཁ་ལྷོའི་ཚྭ་ཞིང་།
རྫ་ཆུའི་འགྲམ་རྒྱུད་ཀྱི་ཚྭ་ཞིང་།
ཚ་ཁ་ལྷོ་ནི་ལོ་རྒྱུས་སྟེང་བཙན་པོའི་རྒྱལ་ཁབ་དང་འཇང་ཡུལ་བར་འབྲེལ་བ་བྱེད་པའི་བགྲོད་ལམ་འགངས་ཆེན་ཞིག་ཡིན་ལ། ཡུན་ནན་གྱི་ཇ་བོད་ལྗོངས་སུ་སྐྱེལ་འདྲེན་བྱེད་སྐབས་ངེས་པར་དུ་བརྒྱུད་དགོས་པའི་ལམ་ཞིག་ཀྱང་ཡིན། ཡུལ་དེ་ཆབ་མདོ་ས་ཁུལ་གྱི་སྨར་ཁམས་རྫོང་དང་ཡུན་ནན་འཇོལ་རྫོང་གཉིས་ཀྱི་འདྲེས་མཚམས་སུ་ཆགས་འདུག ཚྭ་ཁ་ལྷོས་ཁྲོམ་ཚྭ་ཐོན་སྐྱེད་བྱས་པར་བརྟེན་ནས་ཕྱོགས་ཀུན་ཏུ་མཚན་སྙན་རྒྱས་པར་མ་ཟད། ཡུལ་དེའི་སྲོལ་རྒྱུན་གྱི་ཚྭའི་བཟོ་རྩལ་ནི་ཁྱད་དུ་འཕགས་ཤིང་ལོ་ངོ་སྟོང་ཕྲག་དུ་མའི་ཚྭ་ལས་ཐོན་སྐྱེད་བྱེད་པའི་ལོ་རྒྱུས་བྱུང་བ་རིང་མོ་ལྡན་པ་རེད།
མང་ཚོགས་ཀྱིས་ཚྭ་ལས་སྣོན་བྱེད་བཞིན་པ།
ཚྭ་ཁ་ལྷོའི་བོད་དམངས་རྣམས་ཀྱིས་གནའ་ནས་དེང་བར་དུ་འཛམ་གླིང་སྟེང་ཁྱད་དུ་འཕགས་པའི་ཚྭ་ལས་སྣོན་བྱེད་པའི་སྲོལ་རྒྱུན་གྱི་ལག་རྩལ་འཛིན་སྤེལ་བྱེད་བཞིན་ཡོད་ཅིང་། དེ་ལས་ཀྱང་ངོ་མཚར་ལྡན་པ་ནི་བ་ཚྭ་ཆུའི་འབྱུང་ཁུངས་དང་། ལས་སྣོན་བྱེད་ཆས། ལག་རྩལ་སོགས་གཅིག་པ་ཡིན་མོད་ཀྱང་། རྫ་ཆུའི་ངོགས་གཉིས་ནས་བྱུང་བའི་ཚྭའི་མདོག་དམར་པོ་དང་དཀར་པོ་གཉིས་སུ་གྲུབ་པས་རྫ་ཆུའི་འགྲམ་རྒྱུད་ཀྱི་སྡེ་བ་གཉིས་ཀར་ཚྭ་ཁ་དཀར་པོ་དང་ཚྭ་ཁ་དམར་པོ་ཞེས་སུ་གྲགས། ཡུལ་དེའི་མང་ཚོགས་ཀྱིས་ཚྭ་ཞིང་དུ་བ་ཚྭའི་ཆུ་དྲངས་རྗེས་ཉིན་གཉིས་ནས་གསུམ་ནང་དུ་ཚྭ་ཞིང་གཅིག་ལས་ཚྭ་སྤྱི་རྒྱ10བསྡུ་ཐུབ་པ་རེད།
ཟླ་བ་གསུམ་པ་སྟེ་དཔྱིད་འགོ་ཚུགས་པའི་དུས་ནི་ཚྭ་སྐམ་པའི་དུས་ཚིགས་ཆེས་བཟང་པོ་ཡིན་ཞིང་། ལས་སྣོན་བྱས་པའི་ཚྭ་ལ་རིམ་པ་གསུམ་དུ་བགར་ཡོད་དེ། རིམ་པ་དང་པོའི་ཚྭ་ནི་ཧ་ཅང་དཀར་ལ་མཆོག་ཏུ་གྱུར་བ་དང་། རིམ་པ་གཉིས་པའི་ཚྭའི་ཁྲོད་དུ་ས་སོགས་ལྷད་ཅུང་ཙམ་འདྲེས་འདུག རིམ་པ་གསུམ་པའི་ཚྭ་ནི་ཕྱུག་ཟོག་ལ་སྟེར་བ་ཡིན།
བརྩེགས་མར་གྲུབ་པའི་ཚྭ་ཞིང་།
ལོ་ཟླ་རིང་པོའི་ནང་རིམ་གྱིས་གྲུབ་པའི་ཚྭའི་ཀ་བ།
རྫ་ཆུའི་འགྲམ་རྒྱུད་ཀྱི་ཚྭ་ཞིང་།