logo

མཚོ་སྔོན་ལག་བཟོ་མཛེས་རྩལ་པ་སྙིང་འབུམ་ལ་ཀྲུང་ཧྭ་སྒྱུ་རྩལ་རིག་གནས་ན་གཞོན་བྱ་དགའ་ཐོབ་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-12-22 ཀློག་གྲངས།:


ལག་བཟོ་སྒྱུ་རྩལ་པ་སྙིང་འབུམ་ལ་བྱ་དགའ་གནང་བཞིན་པ།

           ཟླ12བའི་ཚེས19ཉིན།  རིག་གནས་པུའུ་དང་ཀྲུང་གོ་སྒྱུ་རྩལ་ཞིབ་འཇུག་གླིང་གཉིས་མཉམ་འབྲེལ་སྒོས་སྤེལ་པའི་སྐབས་དང་པོའི་ཀྲུང་ཧྭ་སྒྱུ་རྩལ་རིག་གནས་བྱ་དགའ་གནང་བའི་མཛད་སྒོ་དེ་རྒྱལ་ཁབ་རིག་དངོས་ཁང་དུ་གཟབ་རྒྱས་ངང་ཚོགས་ཤིང་།  མཚོ་སྔོན་ཞིང་ཆེན་གྱི་ལག་བཟོ་སྒྱུ་རྩལ་མཛེས་རྩལ་པ་སྙིང་འབུམ་ལ་ཀྲུང་ཧྭ་སྒྱུ་རྩལ་རིག་གནས་ན་གཞོན་བྱ་དགའ་ཐོབ་པ་རེད།


ལག་བཟོ་སྒྱུ་རྩལ་པ་སྙིང་འབུམ།

           རྒྱུས་ལོན་བྱུང་བ་ལྟར་ན།  ཀྲུང་ཧྭ་སྒྱུ་རྩལ་རིག་གནས་བྱ་དགའ་ནི་རྒྱལ་ཁབ་རིམ་པའི་རིག་གཞུང་ལས་ཁུངས་ཀྱིས་གཙོ་སྒྲུབ་གནང་བའི་ཆེས་མཐོའི་སྒྱུ་རྩལ་བྱ་དགའ་ཞིག་ཡིན་ཞིང་།  དེའི་ནང་ལོ70ཡན་གྱི་སྒྱུ་རྩལ་པར་གནང་བའི་ཚེ་གང་བོའི་འབྲས་ལེགས་བྱ་དགའ་དང་།  ལོ40ནས70བར་གྱི་སྒྱུ་རྩལ་པར་གནང་བའི་སྒྱུ་རྩལ་རིག་གནས་བྱ་དགའ།  ལོ40མན་གྱི་སྒྱུ་རྩལ་པར་གནང་བའི་ན་གཞོན་བྱ་དགའ་བཅས་འདུས་པ་ཡིན་ལ།  སྒྱུ་རྩལ་གྱི་རིགས་ཐམས་ཅད་ཁེབས་ཡོད།  དེའི་དམིགས་ཡུལ་ནི་སེམས་ཤུགས་ཆེན་པོ་ལྡན་པ་དང་ཤེས་བྱའི་ཚད་མཐོ་བ།  གྲུབ་འབྲས་གཟེངས་སུ་ཐོན་པའི་ཀྲུང་ཧྭའི་སྒྱུ་རྩལ་རྩེར་སོན་མཁན་དག་ལ་གཟེངས་བསྟོད་བྱེད་པ་དང་།  ཀྲུང་ཧྭ་རིག་གནས་སྒྱུ་རྩལ་ཕུན་སུམ་ཇེ་ཚོགས་དང་དེ་འཕེལ་རྒྱས་སུ་གཏོང་བ།  དེ་མིན་དེང་རབས་ཀྲུང་ཧྭ་ཕུལ་བྱུང་རིག་གནས་སྒྱུ་རྩལ་གྱི་མཛེས་དཔྱོད་ ལྟ་བ་དང་རིག་ཐང་ལྟ་བ་མཚོན་པར་བྱེད་པ་དེ་རེད། 
           ཐེངས་འདིའི་ན་གཞོན་བྱ་དགའ་ནི་རིག་གནས་སྒྱུ་རྩལ་ལས་རིགས་སུ་མཛད་རྗེས་ཆེན་པོ་བཞག་པའི་ལོ40མན་གྱི་སྒྱུ་རྩལ་པར་གནང་བ་ཡིན་ཏེ། རྒྱལ་ཡོངས་སུ་སྡོམ་པས་སྒྱུ་རྩལ་པ23ལ་བྱ་དགའ་ཐོབ་པ་དང་། དེ་ལས་སྙིང་འབུམ་སོགས་སྒྱུ་རྩལ་པ་གསུམ་ལ་ཀྲུང་ཧྭ་སྒྱུ་རྩལ་རིག་གནས་ན་གཞོན་བྱ་དགའ་ཐོབ།

ཞར་བཀོད། 

           སྙིང་འབུམ་ནི1971ལོར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་རོང་བོ་གྲོང་རྡལ་སེང་གེ་གཤོང་ཡ་འགོ་སྡེ་བ་རུ་སྐྱེས་ཤིང་།  ཆུང་དུས་ནས་སེང་གེ་གཤོང་ཡ་འགོ་སྡེ་བ་དང་དགོན་སྡེ་སོགས་སུ་ནང་བསྟན་ལྡེབས་རིས་མཛེས་རྩལ་གྱི་སྐོར་སྦྱངས་བ་མཐར་ཕྱིན་བྱས་པ་དང་།  ལོ12སྟེང་ཀྲུང་གོའི་ལག་བཟོ་སྒྱུ་རྩལ་མཁས་པ་ཤ་བོ་ཚེ་རིང་གི་མདུན་དུ་ལག་རྩལ་སྦྱངས་ཏེ“རེབ་གོང་སྒྱུ་རྩལ”ཐང་ག་བཞེངས་བ་དང་བོད་བརྒྱུད་ནང་བསྟན་སྒྱུ་རྩལ་གྱི་ཞིབ་འཇུག་བྱ་བ་གནང་། ཁོང་ནི་མཚོ་སྔོན་ཞིང་ཆེན་ཀྲུང་གོའི་ལག་བཟོ་སྒྱུ་རྩལ་པའི་གྲས་ཤིག་ཡིན།  2007ལའོི་ཟླ6པར།  སྐབས་དང་པོའི་ཀྲུང་གོ་ཐང་ག་ཆེད་མཁས་དྲིལ་སྒྲོག་ཁྱབ་སྤེལ་བྱ་འགུལ་རྩ་འཛུགས་ཨུན་ཡོན་ལྷན་ཚོགས་ཀྱི་ཆེད་མཁས་པས་དཔྱད་ཞིབ་བྱས་པར་བརྒྱུད།  སྙིང་འབུམ་གྱིས་སྐབས་དང་པོའི་ཀྲུང་གོའི་ཐང་ག་ཆེད་མཁས་པའི་མཚན་སྙན་བླངས་པ་རེད། 


འབྲེལ་ཡོད་འོས་སྦྱོར།