ཇོ་ནང་ཐང་གའི་སྒྱུ་རྩལ་འགྲེམ་སྟོན་མཛད་སྒོ་པེ་ཅིང་དུ་བསྡུས་པ།
《དུས་གསུམ་སངས་རྒྱས》ཀྱི་ཐང་ག
ཟླ12བའི་ཚེས19ཉིན། ཇོ་ནང་ཐང་གའི་འགྲེམ་སྟོན་མཛད་སྒོ་པེ་ཅིང་ཕཱིན་ཀྲུང་རྒྱལ་སྤྱིའི་རིག་གནས་ལྟེ་གནས་ནས་བསྡུས་པ་རེད། ཐེངས་འདིའི་ཐང་གའི་འགྲེམ་སྟོན་ནི་ཀྲུང་ཧྭ་རིག་གནས་སྐུལ་སྤེལ་ཚོགས་པ་དང་སི་ཁྲོན་རྔ་བ་བོད་རིགས་རང་སྐྱོང་ཁུལ་རིག་གནས་ཅུའུ་གཉིས་ཀྱིས་གཙོ་གཉེར་བྱས་པ་དང་ཀྲུང་གོའི་གཟུགས་འདས་ཤུལ་བཞག་རིག་གནས་ལྟེ་གནས་ཀྱིས་རྒྱབ་སྐྱོབ་བྱས་ལ། རྔ་བ་བོད་རིགས་རང་སྐྱོང་ཁུལ་འཛམ་ཐང་རྫོང་རིག་རྩལ་ཅུའུ་དང་པེ་ཅིང་ཕཱིན་ཀྲུང་རིག་གནས་སྨྱན་སྒྲོག་ཚད་ཡོད་ཀུང་ཟིས་འགན་སྒྲུབ་བྱས་པ་རེད།
ཐང་གའི་སྒྱུ་རྩལ་འགྲེམ་སྟོན་གྱི་ཟུར་ཞིག
ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་སྲིད་ཐར་ལགས་ཀྱིས་ཐང་གར་གཟིགས་བཞིན་པ།
ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་སྲིད་ཐར་ལགས་དང་། རྒྱལ་ཡོངས་སྲིད་གྲོས་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རིན་གཞོན་པ་ཀྲུའུ་མིན་ཧྥུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གི་ཀྲུའུ་རིན་གཞོན་པ་ཏུང་ཡུན་ཧོ། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་དྲུང་ཡིག་ཆེན་མོ་ཨཱན་ཆེ་ཡེ། བོད་རིག་པ་ཞིབ་འཇུག་ལྟེ་གནས་ཞིབ་འཇུག་པའམ་འབུམ་རམས་པའི་སློབ་སྟོན་དགེ་རྒན་ཆེན་མོ་ཁྲིན་ཆིང་དབྱིན། ཨ་རིའི་ཧྭ་ཧྥོ་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཧྥན་ཏི་ཁཱང་སོགས་མཛད་སྒོ་ལ་ཞུགས་པ་རེད།
ཐེངས་འདིའི་འགྲེམ་སྟོན་ཁྲོད་ཇོ་ནང་བཞེངས་ལུགས་ཀྱི་ཐང་ག་མཆོག་གྱུར་དྲུག་ཅུ་བཀྲམ་པ་དང་མཉམ་དུ། “ཡུལ་གྲུའི་གཙུག་ནོར”གཉིས་སྟེ《ཕྱག་གཉིས་མ་ཧཱ་གཱ་ལ》དང《དུས་གསུམ་སངས་རྒྱས》གཉིས་ཀྱང་འགྲེམ་སྟོན་སྟེང་བཀྲམ་པ་རེད། 《ཕྱག་གཉིས་མ་ཧཱ་གཱ་ལ》ནི་ཆིང་རྒྱལ་རབས་སྐབས་ཀྱི་ཇོ་ནང་བཞེངས་ལུགས་ཀྱི་ཐང་གའི་བརྩམས་ཆོས་གྲས་ཤིག་ཡིན་པ་དང་། 《དུས་གསུམ་སངས་རྒྱས》ནི་འཇམ་དབྱངས་བློ་གྲོས་རིན་པོ་ཆེས་ཐང་གའི་འབྲི་བཞེངས་ཁྲོད་དངོས་སུ་ཞུགས་པའི་བརྩམས་ཆོས་ཤིག་རེད།
ངག་དབང་ཀུན་དགའ་འཇམ་དབྱངས་བློ་གྲོས་རིན་པོ་ཆེས་ཤིས་ཚིག་འབུལ་བཞིན་པ།
ངག་དབང་ཀུན་དགའ་འཇམ་དབྱངས་བློ་གྲོས་རིན་པོ་ཆེ་ནི་བོད་བརྒྱུད་ནང་བསྟན་གྱི་ཇོ་ནང་བའི་སྐུ་ཕྲེང་ཞེ་བདུན་པ་ཡིན་ཞིང་། ཁོང་ནི“ཇོ་ནང་བཞེངས་ལུགས”ཀྱི་མཚོན་བྱེད་མི་སྣ་ཡིན་པར་མ་ཟད། རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་སྟེ“ཇོ་ནང་ཚངས་དབྱངས”ཀྱི་མཚོན་བྱེད་མི་སྣ་ཞིག་ཀྱང་ཡིན་པ་རེད། བགྲང་བྱ་དུ་མའི་རིང་དུ་ནང་བསྟན་རིག་གནས་ཁྱབ་སྤེལ་དང་སྲུང་སྐྱོབ། བོད་རྒྱུད་ནང་བསྟན་ཇོ་ནང་བའི་རིག་གནས་མ་ལག་སླར་གསོ་དང་ཁྱབ་བརྡལ་དུ་གཏོང་བ་དང་། བོད་རྒྱ་རིག་གནས་འབྲེལ་འདྲིས་དང་ས་གནས་འཕེལ་རྒྱས་སོགས་ཀྱི་ཐད་ལ་ནུས་པ་ཆེན་པོ་ཐོན་པ་རེད།
ཇོ་ནང་བཞེངས་ལུགས་ནི་བོད་ལྗོངས་གཞིས་ཀ་རྩེའི་ལྷ་རྩེ་ས་ཁུལ་དུ་བྱུང་བ་ཡིན་ཞིང་། ལོ་རྒྱུས་ཀྱི་བྱུང་བ་རིང་མོ་དང་ཁྱད་དུ་འཕགས་པའི་སྒྱུ་རྩལ་གྱི་ཆུ་ཚད་ལ་བརྟེན་ནས་སྙན་པ་དབྱར་རྔའི་ཟླ་བཞིན་རྒྱས། དེའི་སྒྱུ་རྩལ་གྱི་ཁྱད་ཆོས་ནི་རྒྱ་གར་ལུགས་དང་། བོད་ལུགས། རྒྱ་ནག་ལུགས་བཅས་ཀྱི་སྒྱུ་རྩལ་གྱི་ཉིང་བཅུད་འདུས་ཡོད་པའི་ཁར། ཐིག་རིས་འབྲི་བཀོད་དང་ཚོན་མདོག་བྱུགས་པ་སོགས་དམིགས་བསལ་གྱི་བཞེངས་རྩལ་ལ་བརྟེན་ནས་ཀུན་ལས་གཟེངས་སུ་ཐོན་ལ། སྒྱུ་རྩལ་མཛེས་དཔྱོད་དང་ཐང་ག་འབྲི་བཞེངས་ཀྱི་བཟོ་རྩལ་ལེགས་པོར་ཟུང་སྦྲེལ་བྱས་པས་ཆེད་མཁས་པ་རྣམས་ཀྱི་གདེང་འཇོག་མཐོན་པོ་ཐོབ་པ་རེད།
ཐེངས་འདིའི་ཐང་གའི་སྒྱུ་རྩལ་འགྲེམ་སྟོན་ཟླ12བའི་ཚེས19ཉིན་ནས་ཚེས21ཉིན་བར་དུ་སྤེལ་རྒྱུ་རེད།