མཚོ་སྔོན་མཚོ་བྱང་ཁུལ་གྱི་བོད་རིགས་དམངས་ཁྲོད་གླུ་གར་ཝེ་ཐེ་ནན་རྒྱལ་ཁབ་ཏུ་འཁྲབ་སྟོན་བྱས་པ།
རིག་གནས་པུའུ་ཕྱི་འབྲེལ་ཅུས་བཀོད་སྒྲིག་དང་ཝེ་ཐེ་ནན་གྱི་ཀྲུང་གོའི་གཞུང་ཚབ་ཁང་གིས་གདན་འདྲེན་བྱས་པ་བརྒྱུད། མཚོ་སྔོན་ཞིང་ཆེན་གྱིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་རིགས་གླུ་གར་ཚོགས་པ་ཝེ་ཐེ་ནན་ཐེ་ཡོན་ཞིང་ཆེན་དུ་བསྡུས་པའི་ཝེ་ཐེ་ནན་གྱི་ཐེངས་དང་པོའི་རྒྱལ་སྤྱི་ཇའི་རིག་གནས་དུས་ཆེན་གྱི་འཁྲབ་སྟོན་ལ་ཞུགས་པ་རེད།
ཝེ་ཐེ་ནན་གྱིས་ཀྲུང་གོ་དང་ཁོ་རེ་ཡ། ཕོ་ལན་སོགས་རྒྱལ་ཁབ6དང་ཚབ་བྱེད་རུ་ཁག7གདན་དྲངས་ཏེ་ཐེངས་འདིའི་ཇའི་རིག་གནས་དུས་ཆེན་གྱི་བྱ་འགུལ་སོ་སོར་ཞུགས་ཤིང་། དུས་སྐབས་དེའི་ནང་ཇ་ནི་གནམ་སའི་ཉིང་བཅུད་ཡིན་ཞེས་པ་དང་། ཐེ་ཡོན་དགོང་ཚོགས་སུ་ཁྱེད་ལ་བསུ་བ་བྱེད། ཇའི་དགོང་ཚོགས་བཅས་རིག་རྩལ་དགོང་ཚོགས་ཁག་གསུམ་སྤེལ་པ་དང་། ཐེངས་འདིའི་རིག་གནས་འབྲེལ་འདྲིས་ཀྱི་ལས་འགན་ཁུར་བའི་མཚོ་སྔོན་ཞིང་ཆེན་ནུབ་བྱང་བོད་རིགས་རང་སྐྱོང་ཁུལ་མི་རིགས་གླུ་གར་ཚོགས་པ་ནི་མཚོ་སྔོན་ཞིང་ཆེན་རོང་འབྲོག་ས་ཁུལ་དུ་ན་གཞོན་ཆེད་ལས་ཅན་གྱི་སྒྱུ་རྩལ་རུ་ཁག་ཅིག་ཡིན་ལ། ཝེ་ཐེ་ནན་དུ་འཁྲབ་སྟོན་བྱས་ནས་གཟིགས་མོ་བ་ལྷན་རྒྱས་ཀྱི་ཡིད་དབང་བཀུག་ཅིང་མི་རིགས་ཀྱི་ཁྱད་ཆོས་འབུར་དུ་བཏོད་ཡོད། འདིས་ནུབ་བྱང་ཁུལ་གྱི་བོད་རིགས་དམངས་ཁྲོད་གླུ་གར་གྱི་ཁྱད་ཆོས་མངོན་པ་མ་ཟད་བོད་རིགས་མི་དམངས་ཀྱི་འཚོ་བའི་རྣམ་པའང་ཕྱི་རུ་བཏོད།
དེ་ཡང་ཁོ་ཚོས་འཁྲབ་སྟོན་བྱས་པའི་རྩེད་རིག《བཀྲ་ཤིས་བའི་སྨོན་འདུན》ཞེས་པ་དང་། 《ཨ་ཅེ་གླུ་བ》《སྲིད་པ་ཆགས་གླུ》། དེང་རབས་གླུ་གར《འཇའ་ཚོན་ལྟ་བུའི་དར་གོས》དང་། 《ཕ་ཡུལ་གྱི་རྣམ་པ》། 《ཨ་རོགས། ཕོ་གསར》སོགས་རྩེད་འཇོ་མང་པོ་ལས་ཝེ་ཐེ་ནན་གྱི་གཟིགས་མོ་བ་རྣམས་ཀྱིས་ཀྲུང་ཧྭའི་རིག་གནས་དང་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་དམངས་ཁྲོད་རིག་གནས་ལ་རྒྱུས་ལོན་ཅུང་ཟད་ཕྱིན་ཞིང་དེ་ལྟ་བུའི་ཉམས་འགྱུར་གྱིས་ཕྱུག་པའི་རྣམ་པ་ལས་ཁོ་ཚོར་སྤྲོ་སེམས་རབ་ཏུ་འཁོལ།
མཐར། ནུབ་བྱང་ཁུལ་གྱི་མི་རིགས་གླུ་གར་རུ་ཁག་དང་ཝེ་ཐེ་ནན་མི་རིགས་འཁྲབ་སྟོན་རུ་ཁག་གཉིས་ཀྱིས་མཉམ་དུ་འཁྲབ་པའི་མི་རིགས་བྲོ་གར་ལས་བྱ་འགུལ་གྱི་རྣམ་པ་ཡང་རྩེ་རུ་གསོན་པར་བྱས།