ལྷ་སའི་སྐྱེས་མ་རྣམས་ཀྱིས“དཔལ་ལྷ་མོའི”དུས་སྟོན་རོལ་བ།

དད་ལྡན་མང་ཚོགས་ཀྱིས་ནས་ཆང་ཁྱེར་ཡོང་ནས་མཆོད་པ་བྱེད་བཞིན་པ།
ཟླ12བའི་ཚེས1ཉིན།(བོད་ལུགས་ཀྱི་ཟླ10བའི་ཚེས7ཉིན) བོད་མིའི་སྲོལ་རྒྱུན་གྱི་དུས་ཆེན་ཏེ་བོད་ལུགས་ཀྱི་ཟླ་བཅུ་བའི་ཚེས་བཅོ་ལྔ་ཉིན་གྱི“དཔལ་ལྷ་མོའི”དུས་ཆེན་ལ་ད་དུང་གཟའ་འཁོར་གཅིག་རིང་ཡོད་མོད། བྱམས་སྙིང་རྗེ་ཅན་གྱི་བོད་རིགས་སྐྱེས་མ་རྣམས་སྔ་མོ་ནས་གཙུག་ལག་ཁང་དུ་ཡོང་ནས་དེར་བཞུགས་པའི་ཆོས་སྐྱོང་དཔལ་ལྡན་ལྷ་མོའི་སྲས་མོ་དཔལ་ལྷ་མོར་མཆོད་པའི་ཆོ་ག་མང་དུ་མཛད་ནས་དུས་སྟོན་དེ་བསུ་བའི་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད།

མཆོད་པ་བྱེད་དུ་འོང་བའི་སྐྱེས་མ་རྣམས་ཀྱིས་བྲོ་གར་འཁྲབ་ནས་བཀྲ་ཤིས་པའི་སྨོན་འདུན་ཞུ་བ།
ངག་རྒྱུན་ལྟར་ན་དཔལ་ལྷ་མོ་དང་གཙུག་ལག་ཁང་དུ་བཞུགས་པའི་ཆོས་སྐྱོང་གྲིབ་རྫོང་བཙན་གཉིས་ཕན་ཚུན་ལ་ཞེ་ཆགས་ནས་ཚེ་གཅིག་གི་དམ་ཚིག་བཞག་པ་དེ་ཡུམ་ཆེན་དཔལ་ལྡན་ལྷ་མོས་མཁྱེན་ནས་གྲིབ་རྫོང་བཙན་ལྷ་སའི་སྐྱིད་ཆུའི་ལྷོ་འགྲམ་དུ་རྒྱང་ཕུད་བཏང་བས། ལོ་རེའི་བོད་ལུགས་ཀྱི་ཟླ10བའི་ཚེས15ཉིན་དཔལ་ལྷ་མོ་དང་གྲིབ་རྫོང་བཙན་གཉིས་ཕན་ཚུན་ཞལ་འཛོམས་པ་ཡིན་ཞེས་བཤད་སྲོལ་ཡོད། དེ་བས་བོད་རིགས་སྐྱེས་མ་རྣམས་ཀྱིས་ཉིན་མོ་དེ“དཔལ་ལྷ་མོའི་དུས་ཆེན”ཞེས་གཏན་འབེབས་བྱས་ནས་ལོ་རེ་བཞིན་གཙུག་ལག་ཁང་དུ་ཡོང་ནས་མཆོད་མེ་འཇོག་པ་དང་། བདུག་སྤོས་ཕུལ་བ། ཕྱག་འཚལ་བ་སོགས་ཆོས་ལུགས་ཀྱི་ཆོ་ག་སྣ་ཚོགས་བྱེད་པ་ཡིན།
ལོ་རེའི“དཔལ་ལྷ་མོའི་དུས་ཆེན”ཐོན་ལ་ཉེ་དུས། ལྷ་ས་གྲོང་ཁྱེར་དང་ཉེ་འཁོར་གྱི་དད་ལྡན་མང་ཚོགས་ཀྱིས་ནས་ཆང་དང་། རྩམ་པ། ནས་སོགས་གཙུག་ལག་ཁང་དུ་སྐྱེལ་ཡོང་ནས་དཔལ་ལྷ་མོར་མཆོད་པ་བྱས་ཏེ་བགེགས་བར་ཆད་བཟློག་ནས་མཐུན་རྐྱེན་ཕུན་སུམ་ཚོགས་པར་འགྱུར་བའི་སྨོན་འདུན་ཞུ་བཞིན་ཡོད་པ་རེད།
