ཧུང་ཡོན་གྱི་དམངས་ཁྲོད་ཡུལ་སྲོལ་རིག་གནས་ཀྲུང་དབྱང་བརྙན་སྟེགས་ལེ་ཚན་དུ་ཕབ་པ།
ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགོད་པས་བོད་ཁྱིམ་གྱིས་མགྲོན་བསུ་བའི་རྣམ་པ་ཕབ་སྐྲུན་བྱེད་པ།
ཉེ་ཆར། ཀྲུང་དབྱང་བརྙན་སྟེགས་བདུན་པའི་ཞིང་ལས་ལེ་ཚན་གྱི《ཕ་ཡུལ》ཚན་བྱང་གི་གསར་འགོད་པ་དག་ཧུང་ཡོན་རྫོང་ལ་འབྱོར་བ་དང་། རྫོང་དེའི་ཞིང་ཆེན་རིམ་པའི་གཟུགས་མེད་རིག་གནས་ཀྱི་ཤུལ་བཞག་སྟེ་འབྲོང་རུའི་སྒྲ་སྙན་དང་། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུ་མི་རིགས་ལོ་རྒྱུས་སྙིང་བོར་སྦྲུམ་པའི་རྨེ་བའི་ཟློས་གར། ཐུན་མོང་མ་ཡིན་ཞིང་ཁྱད་ཆོས་ཀྱིས་ཕྱུག་པའི་རྨེ་བའི་སྐོར་བྲོ། ངོ་མཚར་སྟོང་གིས་གཏམས་ཤིང་ཡིད་དབང་འཕྲོག་པའི་བོད་ཀྱི་དམངས་སྲོལ་གོམས་གཤིས་སོགས་ཀྱིས་བརྗོད་བྱ་བྱས་ནས། སྤྱི་ཕན་རང་བཞིན་གྱི་ལྗོངས་སྐོར་རིག་གནས་རྣམ་པའི་ལེ་ཚན་ཆེད་སྒྲིག་བཪྙན་ལ་ཕབ་ཅིང་ཧུང་ཡོན་གྱི་ཐུན་མོང་མིན་པའི་ཁྱད་ཆོས་ལྡན་ལ་ངོ་མཚར་ཕུན་སུམ་ཚོགས་པའི་དམངས་ཁྲོད་དམངས་སྲོལ་རིག་གནས་དག་ཕྱིའི་རྒྱལ་ཁམས་ཡངས་བོར་མངོན་པར་བྱས་པ་རེད།
ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགོད་པས་བོད་ཀྱི་དམངས་སྲོལ་རྣམ་པ་ཕབ་སྐྲུན་བྱེད་པ།
དེ་ལས་འབྲོང་རུའི་སྒྲ་སྙན་ནི་བོད་ཀྱི་དམངས་ཁྲོད་དུ་དར་ཁྱབ་ཆེ་ལ་རང་གིས་བཟོས་པའི་རྒྱུད་དཀྲོལ་རོལ་ཆས་ཤིག་ཡིན་པ་དང་། དེའི་གྲུབ་བྱེད་རྒྱུ་ཆ་རུ། ཆེ་ཞིང་སྦོམ་པའི་འབྲོང་གི་རྭ་ཡིས་སྒྲ་སྣོད་བྱས་པས་མགོ་ཆེ་ལ་ཞབས་ཆུང་བ་དང་། ཕྲ་ཞིང་རིང་བའི་རྐྱང་གི་རྔ་མས་རྒྱུད་སྐུད་བྱས་པས་སྒྲ་དྭངས་ཤིང་སྙན་པ། སྲབ་ཅིང་འཇམ་པའི་སྦྲུལ་ཤུན་ནམ་ཆུ་སྲིན་གྱི་ཤུན་པས་སྒྲ་གཡོག་བྱས་པས་སྒྲ་གསལ་ཞིང་གདངས་མཐོ་བ། སྒྲ་ཤིང་དང་སྒྲ་འགུག་ཀྱང་ཙན་དན་སོགས་ཤིང་རིགས་འགངས་ཆེན་ཤ་སྟག་ཡིན་པ་སོགས་ལའང་དགེ་མཚན་མང་དུ་ཡོད་པ་རེད།
ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགོད་པས་རྩྭ་ཐང་གི་མཛེས་ལྗོངས་ཕབ་བཞིན་པ།
གཞན་ཡང་། རྨེ་བའི་ཟློས་གར་ཡང་ཐེངས་འདིའི་བཪྙན་ལ་ཕབ་བྱའི་ནང་དོན་གཙོ་བོ་ཞིག་ཡིན་ལ། རྨེ་བའི་ཟློས་གར་ནི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུ་ཡུན་གྱིས་འཚར་ལོངས་བྱུང་ཞིང་སྤྱི་ཚོགས་འཚོ་བའི་འཕེལ་རིམ་གྱི་འགྲོས་ལ་བསྟུན་ནས་འཁྲབ་སྟོན་རྣམ་པ་ཕུན་སུམ་ཚོགས་པར་གྲུབ་པ་ཡིན་པས་འབྲོག་ཁུལ་མི་དམངས་ཀྱི་སེམས་སུ་བླ་ན་མེད་པའི་གོ་ས་བཟུང་ཡོད་ཅིང་། རྨེ་བའི་ཟློས་གར་གྱི་འཁྲབ་སྟོན་དང་རྣམ་པ་གང་གི་ཐད་ནས་ཀྱང་གདོད་མའི་རང་ཚུགས་མ་ཤོར་ཞིང་སླད་སྐྱོན་དྲི་མས་མ་གོས་པས་ཟློས་གར་འཕེལ་རིམ་གྱི་མངའ་ཁོངས་སུ་ཚད་མཐོན་པོའི་རིག་གཞུང་གི་རིན་ཐང་ཡོད་པ་རེད།
ཀྲུང་དབྱང་བརྙན་ཁང་གི་གསར་འགོད་པ་དང་རྨེ་བའི་ཟློས་གར་པ་ལྷན་དུ་པར་བསྐྱོན་པ།
དེ་དང་ཆབས་ཅིག་ཏུ། རྨེ་བའི་ཟློས་གར་གྱི་འཁྲབ་གཞུང་ཡང་བོད་ཀྱི་རྩོམ་རིག་སྒྱུ་རྩལ་ལས་གལ་ཆེའི་གྲུབ་བྱེད་ཅིག་ཡིན་ལ། དེས་དབྱངས་རྟ་གཙིགས་སུ་འཛིན་ལ་ཡིད་བརྙན་ཡང་གཙོ་བོར་བྱེད་པ་དང་། རྟག་ཏུ་གཏམ་དཔེ་དང་མགུར་གླུ། ཤགས་འགྱེད་སོགས་མང་དུ་སྤྱོད་ཅིང་མཚམས་རེར་བློ་འབྱེད་གཏམ་རྒྱུད་ཀྱིས་བར་བཅུག་བྱེད་པ་སོགས་ཀྱང་ཡོད་པས། བོད་ཀྱི་སྲོལ་རྒྱུན་ངག་རིག་སྒྱུ་རྩལ་གྱི་ཉིང་བཅུད་འདུས་ཤིང་ཤེས་རིག་དཔལ་ཡོན་གྱི་ལོངས་སྤྱོད་འཛོམས་ཡོད་པ་རེད།