མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་གི་འབྲོང་རྒྱུད་གསོ་སྤེལ་བྱ་བའི་མདུན་ལྗོངས་བཟང་བ།
ནོར་ནག
ན་ནིང་ནས་བཟུང་མཚོ་ནུབ་ཁུལ་གྱིས་ཐེམ་ཆེན་རྫོང་གི་ནོར་ནག་གི་ཐོན་ཁུངས་འདི་མཚོ་ནུབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ཐད་ཀྱི་དཔལ་འབྱོར་ཐོན་ཁུངས་གནས་གསར་བའི་གྲས་ཤིག་ཏུ་བཞག་སྟེ། ནོར་ནག་གི་ཐོན་ཁུངས་དང་ནོར་ནག་གི་རིགས་རྒྱུད་ཇེ་ལེགས་སུ་གཏོང་བའི་ཐད་ལ་ཞིབ་འཇུག་གི་ཐབས་ལམ་གང་མང་འཐེན་ནས། ཕྱུགས་རྒྱུད་སྤུས་ལེགས་ཀྱི་ཚོང་རྟགས་ཤིག་བཞེངས་བསྐྲུན་བྱེད་པར་གོམ་པ་དང་པོ་སྤོས་པ་སྟེ། འབྲོང་རྒྱུད་བླངས་ནས་ནོར་ནག་གི་རྒྱུ་སྤུས་མཐོ་རུ་གཏོང་བཞིན་ཡོད་པ་རེད།
ནོར་ནག་གི་དེང་རབས་ཀྱི་སྐྱེ་འཕེལ་ལག་རྩལ་སྐོར་ནས་འཆད་ཁྲིད་བྱེད་བཞིན་པ།
ཐེམ་ཆེན་རྫོང་ལ་མཚོན་ན་མཚོ་ནུབ་ཁུལ་ཡོངས་སུ་ནོར་ནག་གི་ཐོན་ཁུངས་ཅུང་མོད་པའི་རྫོང་ཞིག་ཡིན་ཞིང༌། རྫོང་འདིའི་ནོར་ནག་གི་རྒྱུད་ཅུང་བཟང་བའམ་ཐེམ་ཆེན་རྫོང་གི་མངའ་ཁོངས་ཀྱི་ཡུལ་ཚོ་འགའ་ཞིག་གི་རི་རྒྱུད་དུ་བྲེ་སེར་འབྲོང་འཚོ་སྡོད་བྱེད་བཞིན་ཡོད་པ་དེ་ཡིན་ལ། ལུང་དམར་ཡུལ་ཚོ་ནི་འབྲོང་འཚོ་སྡོད་བྱེད་སའི་གནས་གཙོ་བོ་ནང་གི་གཅིག་རེད། མཚོ་ནུབ་ཁུལ་གྱིས་འབྲོང་ཁྱུ་དང་ནོར་ཁྱུ་གཉིས་མཉམ་གཅིག་དུ་འདྲེས་སྡོད་བྱས་ཡོད་པའི་གནས་བབ་ལེགས་པོའི་གོ་སྐབས་དམ་པོར་བཟུང་ཏེ། རིམ་པ་སོ་སོའི་འབྲེལ་ཡོད་སྡེ་ཁག་དང་མི་སྣ་རྩ་འཛུགས་བྱས་ནས། འབྲོང་རྒྱུད་ལེན་པའི་ལས་གཞི་ལ་འཐབ་ཇུས་རང་བཞིན་གྱི་བྱ་བ་མང་པོ་བསྒྲུབ་པར་གྲུབ་འབྲས་ཀྱང་ཡར་ངོའི་ཟླ་བཞིན་འཕར་བ་སྟེ། ལུང་དམར་ཡུལ་ཚོའི་ར་འཁྱོག་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་ནི་འབྲོང་རྒྱུད་ལེན་པའི་ལས་དང་པོར་ཞུགས་པའི་མཉམ་ལས་ཁང་ཐོག་མ་ཡིན་ཞེས་བརྗོད་ཆོག་པ་རེད།
འབྲོང་བེའུ།
རྒྱུ་མཚན་ནི་ད་ལོའི་ལོ་སྟོད་དེ་སྤྱི་ཟླ5བའི་ཟླ་མཇུག་ཏུ་འདི་གའི་གསར་འགོད་པ་དག་ར་འཁྱོག་ལུང་བ་རུ་འབྲོང་དང་ནོར་ཁྱུ་མཉམ་དུ་གནས་པའི་མཐར་འབྲོང་བེའུ་བཙའ་བའི་དུས་ཚིགས་ལ་རྒྱུས་ལོན་ཞིབ་མོ་བྱས་པ་མ་ཟད། ད་དུང་དངོས་ཡོད་ཀྱི་གནས་ཚུལ་མཐའ་དག་ལ་རྟོག་ཞིབ་བྱས་ཏེ་འབྲོང་གི་རྒྱུད་པའི་བེའུ་ངོ་མ་བཙའ་བཞིན་པ་མཐོང་ཞིང༌། འབྲོང་བེའུ་སྐྱེས་ཚད་ཀྱི་གནས་བབ་ལེགས་པའང་མཐོང་བྱུང༌། དུས་ཡུན་ཟླ5ལྷག་གི་རིང་ད་ལྟ་འབྲོང་བེའུ་འདི་དག་གསོ་སྤེལ་ར་བ་རུ་བཅུག་ནས་ཁོ་ཚོའི་ལྗིད་ཚད་སོགས་ལ་གསལ་འབྱེད་ཚད་ལེན་བྱས་པར་གཞིགས་ན། ཧེ་བག་ཧ་ཅང་ཆེ་ཞིང༌། ལྷག་པར་དུ་ཉིན་གཅིག་ལ་མཉམ་དུ་བཙས་པའི་ཁྱིམ་གསོས་ནོར་ནག་གི་བེའུ་ལི་དང་འབྲོང་བེའུ་གཉིས་ཀྱི་ལྗིད་ཚད་ལ་ཧེ་བག་ལྡབ་འགྱུར་གྱི་ཆེ་བས་གྲུབ་འབྲས་དགའ་འོས་པ་བླངས་ཡོད།
འབྲོང་གསོ་སྤེལ་བྱེད་གནས།
ར་འཁྱོག་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་འདི་ལ་མཚོན་ན། སྲིད་གཞུང་གིས་སྣེ་ཁྲིད་འོག གཙོ་བོ་ཕྱུགས་བདག་རང་ཉིད་ཀྱིས་རྒྱལ་ཁབ་ཀྱི་སྲིད་ཇུས་ལ་ཡིད་ཆེས་དང་འབད་བརྩོན་འོག་ལག་ལེན་དུ་བཏབ་པ་ཡིན་ལ། ལས་གང་ཞིག་གི་འགོ་བརྩམས་རུང་དེར་དགའ་ཞེན་ཡོད་པ་དང་འབད་བརྩོན་བྱས་ཏེ་རྒྱུན་འཁྱོངས་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན་པས། ཕྱུགས་བདག་རྒན་པོ་ལྷ་སྙིང་རྒྱལ་གྱིས་འདི་དག་ཡོད་ཚད་ལ་དོ་སྣང་དང་ཡིད་ཆེས་བྱས་འོག་ད་ལྟའི་མཐོང་རག་མྱོང་གསུམ་གྱི་གྲུབ་འབྲས་ཐོག་མ་འདི་སྨིན་པ་རེད། རྒན་པོ་ལྷ་སྙིང་རྒྱལ་གཙོ་བྱས་པའི་མཉམ་ལས་ཁང་འདིའི་འཕེལ་རྒྱས་གནས་ཚུལ་མཚོ་ནུབ་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་གིས་ཤེས་རྟོགས་བྱུང་རྗེས། མཚོ་ནུབ་ཁུལ་ཞིང་ཕྱུགས་ཅུའུ་ཡི་ཕྱུགས་ནད་སྨན་བཅོས་ས་ཚིགས་ཀྱི་ལག་རྩལ་མི་སྣ་རྣམས་ཆེད་དུ་ར་འཁྱོག་ཕྱུགས་ལས་མཉམ་ལས་ཁང་དུ་སོང་ནས། སོ་མ་ཕྱུགས་ཁྱུ་ནས་འབྲོང་བེའུ་དང་ནོར་ནག་སོ་སོར་བགར་བའི་ཡུལ་དངོས་སུ་མདོ་དབུས་མཐོ་སྣང་གི་ནོར་ནག་རིགས་རྒྱུད་གསལ་འབྱེད་བྱེད་པའི་ལག་རྩལ་དཔེ་སྟོན་དང་གསོ་སྦྱོང་བྱས་ཏེ། ཡུལ་མི་རྣམས་ལ་ནོར་ནག་དང་ཕྱུགས་ཕྲུག་ལ་ཇི་ལྟར་ལྟ་སྐྱོང་བྱེད་པ་དང༌། ནད་སྔོན་འགོག་དང་སྒོ་ཕྱུགས་ཀྱི་ནད་རིགས་ལ་ཇི་ལྟར་ཞིབ་དཔྱོད་བྱེད་པའི་སྐོར་གྱི་ཤེས་བྱ་དང་ལག་རྩལ་ཁྲིད་སྟོན་བྱས་པ་མ་ཟད། ད་དུང་མཚོ་སྔོན་སློབ་ཆེན་ཕྱུགས་ལས་སློབ་གླིང་གི་དགེ་རྒན་ཆེན་མོས་ནོར་ནག་གི་དེང་རབས་ཀྱི་སྐྱེ་འཕེལ་ལག་རྩལ་སྐོར་ནས་འཆད་ཁྲིད་བྱས། དེང་རབས་ལག་རྩལ་ལ་བརྟེན་ནས་ནོར་ནག་གི་རྒྱུད་སྐྱེ་འཕེལ་བྱེད་ཐུབ་པ་དང༌། སྔོན་ཆད་དུས་ཚིགས་ཀྱི་ཆོས་ཉིད་ལ་གཞིགས་ཏེ་ཕྱུགས་ཕྲུག་སྐྱེ་བ་ཡིན་ལ། དེང་རབས་ཚན་རིག་ལག་རྩལ་ལས་ཆོས་ཉིད་དེ་དང་ལྡོག་ནས་དུས་ངེས་མེད་དུ་ཕྱུགས་ཕྲུག་སྐྱེ་ཐུབ་པ་སོགས་ཀྱི་སྐོར་ནས་འཆད་ཁྲིད་ཞིབ་མོ་བྱས་པར་ཡུལ་མི་རྣམས་ཀྱིས་དང་ལེན་བྱས་ཤིང༌། ནོར་ནག་གི་རྒྱུད་ཇེ་རྒྱས་ཇེ་ལེགས་སུ་གཏོང་བའི་ཐད་སྤོབས་སེམས་བསྩལ་པས། ཆེད་ལས་དགེ་རྒན་གྱིས་འཆད་ཁྲིད་དང་མཛུབ་སྟོན་གནང་བར་དགའ་བསུ་འཐོབ།
རྒྱུས་ལོན་པ་ལྟར་ན། ད་ལྟ་འཛུགས་སྐྲུན་བྱས་ཡོད་པའི་ར་འཁྱོག་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་འདིའི་སྤྱིའི་རྒྱ་ཁྱོན་ལ་མུས་གྲུ་བཞི་མ3500ཡོད་ལ། འབྲོང་བེའུ་གསོ་སྤེལ་བྱེད་སའི་ཁང་བ5ཡོད་པ་དང༌། ཁང་བ་རེ་རེའི་ནང་ལ་འབྲོང་བེའུ50རེ་ཤོངས་ཐུབ། ད་ལྟ་གསལ་འབྱེད་ཚད་ལེན་བྱས་རྗེས། འབྲོང་བེའུ་ཡོད་ཚད་ཕྱུགས་ཁྱུ་དང་སོ་སོར་བཀར་ཏེ། གསོ་སྤེལ་ཁང་འདིའི་ནང་དུ་གཟན་ཆས་བྱིན་ནས་གསོ་རྒྱུ་ཡིན་པ་དང༌། ད་ལོར་འབྲོང་བེའུ200གནས་འདི་ནས་གསོ་རྒྱུ་རེད། གསོ་སྤེལ་ཁང་འདི་ནི་དགུན་དུས་གྲང་རླུང་དང་ཁངས་འཁྱགས་སོགས་ཀྱི་ཉེན་ཁ་སྔོན་འགོག་བྱ་ཆེད་བཙུགས་པ་ཡིན་པས། འདིའང་སྒོ་ཕྱུགས་ཀྱི་རྒྱུ་སྤུས་མཐོར་འདེགས་སུ་གཏོང་བའི་ཐད་ཀྱི་ཕྱིའི་ཆ་རྐྱེན་གལ་ཆེན་ཞིག་ཡིན། འདི་ནི་མཚོ་ནུབ་ཁུལ་གྱིས་འབྲོང་རྒྱུད་བླངས་ཏེ་འབྲོང་བེའུ་ཐོག་དང་པོར་མིས་གསོ་སྤེལ་བྱེད་པ་དང་འབྲོང་རྒྱུད་འདུལ་གསོ་བྱེད་པའི་ལས་དང་པོ་ཡིན་ཞིང༌། བྲེ་སེར་འབྲོང་རྒྱུད་དང་ཕྱུགས་བདག་གཉིས་ཕན་ཚུན་མཉམ་གནས་སྒོས་སྒོ་ཕྱུགས་ཀྱི་རྒྱུ་སྤུས་མཐོ་རུ་གཏོང་བར་ཚན་རིག་གིས་ཚོད་ལྟ་བྱས་པ་ཡིན།