ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་མོའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བདུན་པ་ཚོགས་གྲབས་ཡོད་པ།
ཟླ10བའི་ཚེས18ནས་ཚེས22ཉིན་བར། ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་མོའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བདུན་པ་ཡུལ་ལྗོངས་རི་མོ་བཞིན་དུ་མཛེས་པའི་ཉིང་ཁྲིའི་ཉང་ཆུའི་འགྲམ་ནས་འཚོག་རྒྱུ་རེད།
ཉིང་ཁྲི་ས་ཁུལ་ཡུལ་སྐོར་ཅུའི་འབྲེལ་ཡོད་འགན་ཁུར་མི་སྣས་ངོ་སྤྲོད་བྱ་རྒྱུར། འཛམ་གླིང་གི་ཆེས་ཆེ་བའི་གྲོག་རོང་སྟེ་ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་མོའི་ཚོང་རྟགས་གཞི་རྟེན་དུ་བྱས་པ་དང་། ལྷོ་ཡུལ་རིག་གནས་དང་། ཀོང་པོའི་དམངས་ཁྲོད་རིག་གནས། ནགས་ཚལ་སྐྱེ་ཁམས། གནས་རི་བླ་མཚོ་སོགས་སྲོག་ཤིང་དུ་བྱས་པའི་ཡར་ཀླུང་གཙང་པོའི་རིག་གནས་ཡུལ་སྐོར་དུས་ཆེན་ནི། ལོ་གང་མང་རིང་གསོ་སྐྱོང་བྱས་མཐར་བོད་ལྗོངས་ཀྱི་དུས་ཆེན་ཚོང་རྟགས་ཆེན་མོ་གསུམ་གྱི་ཡ་གྱལ་ཞིག་ཏུ་གྱུར་ཡོད། ཐེངས་འདིའི་རིག་གནས་ཡུལ་སྐོར་དུས་ཆེན་དང་མ་འཇོག་ཚོང་ལས་གྲོས་ཚོགས་ཀྱི་བརྗོད་བྱ་ནི“གསེར་མདོག་གི་སྟོན་ཟླ་བཅུ་བ། ངོ་མཚར་བའི་ཉིང་ཁྲིའི་མཛེས་ལྗོངས” ཞེས་པ་དེ་ཡིན་ལ། དུས་ཆེན་འདིའི་བྱ་འགུལ་གཙོ་བོར་དབུ་ཚུགས་མཛད་སྒོ་དང་། ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་མོའི་མཐོ་རིམ་གླེང་སྟེགས། བོད་ལྗོངས་ཀྱི་དགུན་དུས་ཡུལ་སྐོར་འགོ་རྩོམ་པའི་མཛད་སྒོ། ཕྱི་རོལ་རྩལ་སྦྱོང་གི་ཚད་འདས་དགའ་སྤྲོ། “གྲོང་རོང་གི་ལྐོག་གྱུར་ཞིང་ཁམས”ཞེས་པའི་པར་ལེན་འགྲན་བསྡུར། “བོད་ཟས་ཟ་བ། ཀོང་པོའི་མིར་བརྫུ་བ” ཞེས་པའི་དམངས་སྲོལ་ཉམས་ལེན་བྱ་འགུལ་དང་ཡར་ཀླུང་གཙང་བོའི་གྲོག་རོང་ཆེན་མོའི་རྐང་བགྲོད་ཚོགས་ཆེན་སོགས་ཀྱིས་གྲུབ་ཡོད།
རྒྱུས་ལོན་བྱས་པ་ལྟར་ན། ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་མོ་ནི་འཛམ་གླིང་གི་ཆེས་ཆེ་བའི་གྲོག་རོང་ཡིན་ལ། 《ཀྲུང་གོ་རྒྱལ་ཁབ་ཀྱི་ས་ཁམས》ཞེས་པའི་དུས་དེབ་ཀྱིས་ཀྲུང་གོའི་ཆེས་མཛེས་བའི་གྲོག་རོང་ཆེན་མོ་བཅུ་ཡི་ཡང་རྩེ་ཡིན་པར་བརྗོད་ཡོད། གནས་ཡུལ་དེ་ནི་སའི་གོ་ལའི་སྟེང་དུ་ལུས་པའི་ལྐོག་གྱུར་གྱི་ཞིང་ཁམས་ཆེས་མཐའ་མ་ཡིན། སྤྱི་ལེ་ལྔ་བརྒྱ་ཡོད་པའི་གྲོག་རོང་འདིའི་མགོ་མཇུག་བར་གསུམ་དུ་བགྲོད་མྱོང་མཁན་ད་བར་དུ་བྱུང་མེད། གནས་དེར་ཆེས་སྔོ་ཞིང་དྭངས་པའི་ནམ་མཁའ་ཡོད་ལ། ཆེས་འབྱོར་ཕྱུག་གི་སྐྱེ་ཁམས་གཏེར་མཛོད་ཡོད། ད་དུང་ཀྲུང་གོའི་ཆེས་མཛེས་པའི་ལྷུན་པོ་གནམ་ལྕགས་འབར་བའང་ཡོད།
འབྲེལ་ཡོད་འགན་ཁུར་བས“ཐེངས་འདིའི་ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་མོའི་མཐོ་རིམ་གླེང་སྟེགས་སྟེང་དུ། ང་ཚོས་རྒྱལ་ནང་གི་ཡུལ་སྐོར་སྡེ་ཁག་གི་མཁས་པ་གྲགས་ཅན་དང་འཆར་འགོད་ཆེད་མཁས་པ། གྲགས་ཆེ་བའི་མཛེས་ལྗོངས་ཁུལ་གྱི་དཔལ་འབྱོར་ཚོང་གཉེར་བ་དང་། མཚམས་སྦྱོར་བརྡ་ཁྱབ་ལས་རིགས་ཀྱི་འབྱོར་ལྡན་མི་སྣ་སོགས་གདན་འདྲེན་ཞུས་ཏེ། དུས་ཚིགས་བཞིའི་ཡུལ་སྐོར་བརྗོད་བྱར་བྱས་ནས་ཆེད་དུ་ཞིབ་འཇུག་བགྲོ་གླེང་བྱས་ནས། ཉིང་ཁྲི་དང་ཐ་ན་ལྗོངས་ཡོངས་ཀྱི་དུས་ཚིགས་བཞིའི་ཡུལ་སྐོར་ཐད་ཉམས་མྱོང་གལ་ཆེན་མཁོ་འདོན་བྱ་རྒྱུ་ཡིན” ཞེས་བཤད།