logo

མཚོ་ལྷོ་ཁུལ་གྱིས་བོད་སྐད་ཡིག་གི་སྤྱི་ཚོགས་ཁྲོམ་གཞུང་བཀོལ་ཡིག་བྱ་བར་ཞིབ་བཤེར་བྱས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-09-29 ཀློག་གྲངས།:


ཟླ9བའི་ཚེས20ཉིན།  རྟོག་ཞིབ་ཚན་ཆུང་གིས་ཁྲི་ཀ་རྫོང་དུ་ཆེད་དོན་
ཚོགས་འདུ་བསྡུས་ཏེ་འབྲེལ་ཡོད་བྱ་བའི་ཡར་ཞུ་ལ་གསན་པ།

        དུས་སྐབས་གསར་བའི་ནང་མཚོ་ལྷོ་ཁུལ་གྱི་སྤྱི་ཚོགས་ཁྲོམ་གཞུང་བཀོལ་ཡིག་བྱ་བ་སྔར་ལས་ལྷག་པར་ཡར་རྒྱས་གོང་འཕེལ་དུ་གཏོང་ཆེད།  ཁུལ་ཡོངས་སྤྱི་ཚོགས་ཁྲོམ་གཞུང་བཀོལ་ཡིག་བྱ་བའི་ཁྲོད་བོད་རྒྱ་ཡིག་རིགས་གཉིས་ཚད་ལྡན་སྒོས་བཀོལ་སྤྱོད་བྱེད་པར་ཤུགས་སྣོན་བརྒྱབ་ཅིང་།   མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི《ཁྲོམ་གཞུང་བཀོལ་ཡིག་བྱ་བར་ཞིབ་བཤེར་དང་གཙང་སེལ་ལེགས་བཅོས་ཀྱི་བརྡ་ཐོ》དང《སྤྱི་ཚོགས་ཁྲོམ་གཞུང་བཀོལ་ཡིག་གནས་ཚུལ་ལ་རྟོག་ཞིབ་བྱེད་པའི་བརྡ་ཐོ》སོགས་ཀྱི་དགོངས་དོན་ལྟར།  ཁུལ་སྲིད་གཞུང་གིས་ཆེད་དུ་རྟོག་ཞིབ་འགོ་ཁྲིད་ཚན་ཆུང་བཙུགས་ཤིང་མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གིས་གནས་ཁྲིད་བྱེད་པར་མངགས་བཅོལ་བྱས་ཏེ། ཟླ9བའི་ཚེས20ནས་ཚེས24བར་རྫོང་ཁག་ལྔ་བོ་དང་།  ཡུལ་ཚོ་དང་གྲོང་རྡལ་དེ་མིན་ལས་ཁུངས་སོགས་ལ་ཕེབས་ནས་ཁུལ་ཡོངས་ཀྱི་སྤྱི་ཚོགས་ཁྲོམ་གཞུང་བཀོལ་ཡིག་བྱ་བའི་གནས་ཚུལ་ལ་ཆེད་དོན་ཞིབ་བཤེར་གནང་བ་རེད། 


བོད་ཡིག་ལམ་གྱི《ཁྲི་ཀའི་སྲིད་ཚགས》།


ཟླ9བའི་ཚེས22ཉིན།  རྟོག་ཞིབ་ཚན་ཆུང་གིས་འབའ་རྫོང་དུ་སྒོ་བྱང་རིགས་ལ་ལྟ་ཞིབ་བྱེད་པ།

        འདི་ཡང་གཙོ་ཆེར་གྲོང་དང་གྲོང་རྡལ་གྱི་སྒོ་བྱང་སྣ་ཚོགས་དང་།  ཡིག་ཆ་ལྟ་ཀློག    ཆེད་དོན་ཡར་ཞུ་ལ་གསན་པ་བཅས་ཀྱི་ཐབས་ལམ་སྤྱད་དེ།  《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་སྐད་ཡིག་བྱ་བའི་སྲོལ་ཡིག》ལག་བསྟར་ག་འདྲ་བྱས་ཚུལ་དང་སྤྱི་ཚོགས་ཁྲོམ་གཞུང་བཀོལ་ཡིག་བོད་རྒྱ་ཡིག་རིགས་གཉིས་ཀྱིས་ཚད་ལྡན་བཀོལ་སྤྱོད་བྱས་ཡོད་མེད་ཀྱི་གནས་ཚུལ་ལ་ཞིབ་བཤེར་བྱས་ཤིང་།  རྫོང་སོ་སོའི་ཏང་ཨུ་སྲིད་གཞུང་གིས་ཀྱང་འདིའི་ཐད་ལ་མཐོང་ཆེན་གནང་སྟེ་གང་མྱུར་སྒོས་འབྲེལ་ཡོད་ལས་ཁུངས་དང་འགན་ཁུར་བ་བསྡུས་ནས་རྟོག་ཞིབ་ཚན་ཆུང་ལ་ཆེད་དོན་ཡར་ཞུ་བྱེད་དུ་བཅུག་པ་དང་།  དངོས་ཡོད་དང་དྲང་བདེན་སྒོས་ཁྲོམ་གཞུང་བཀོལ་ཡིག་བྱ་བའི་འཕེལ་སྟངས་དང་གནད་དོན་སྐོར་ལ་སྤྱི་བསྡོམས་མཛད་ཅིང་།  རྟོག་ཞིབ་ཚན་ཆུང་གིས་རྟོག་ཞིབ་ཁྲོད་བྱུང་བའི་དངོས་ཡོད་གནད་དོན་དག་རྫོང་སོ་སོའི་གཙོ་འགན་བཞེས་པའི་འགོ་ཁྲིད་ལ་ཡར་ཞུ་བྱས་པ་མ་ཟད་རྫོང་སོ་སོས་མགྱོགས་མྱུར་སྒོས་དུས་ཡུན་ཐུང་ཐུང་ནང་གཙང་སེལ་ལེགས་བཅོས་བྱེད་དགོས་པའི་དགོངས་ཚུལ་བསྟན། 


འབའ་རྫོང་མི་དམངས་ཁྲིམས་ཁང་གི་བོད་རྒྱ་སྐད་གཉིས་ཀྱི་ཡིག་ཆ། 

        རྫོང་སོ་སོས《ཁྲོམ་གཞུང་བཀོལ་ཡིག་བྱ་བར་ཞིབ་བཤེར་དང་གཙང་སེལ་ལེགས་བཅོས་ཀྱི་བརྡ་ཐོའི》དགོངས་དོན་ལྟར།  དེ་མུར་འབྲེལ་ཡོད་སྡེ་ཁག་རྩ་འཛུགས་གནང་སྟེ་ལག་ལེན་འཆར་བཀོད་བཀྲམ་ཞིང་།  རྫོང་སོ་སོའི་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གིས་ཁྲོམ་གཞུང་བཀོལ་ཡིག་གི་ཡིག་བསྒྱུར་དང་ཞིབ་བཤེར་ཐད་ལ་འགན་ཁུར་བ་དང་།  གྲོང་ཁྱེར་འཛུགས་སྐྲུན་དང་གྲོང་ཁྱེར་དོ་དམ་སྡེ་ཁག་གིས་སྒོ་བྱང་སྐོར་གྱི་ཆེ་ཆུང་དང་ཚད་གཞི།  ཕྱི་དབྱིབས་ཇུས་འགོད།  རྒྱུ་ཆ་བཟོ་སྐྲུན་ཐད་ལ་འགན་ཁུར་བ།  ཚོང་གཉེར་སྡེ་ཁག་གིས་སྒེར་གཉེར་ཚོང་བདག་ལ་དྲིལ་སྒྲོག་དང་སློབ་གསོ་བློ་འགུག་གི་བྱ་འགན་བཞེས་པ།  རིག་གནས་སྡེ་ཁག་གིས་རིག་གནས་ཚོང་ར་ལས་གཉེར་སྒོ་བྱང་གི་བཟོ་བཀོད་ཐད་ལ་འགན་གནང་བ།  སྤྱི་བདེ་དང་འགྲིམ་འགྲུལ་སྡེ་ཁག་གིས་གཞུང་ལམ་འགྲམ་རྒྱུད་ཀྱི་འགྲིམ་འགྲུལ་བྱང་བུའི་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཚད་ལྡན་བཀོལ་སྤྱོད་བྱ་བར་འགན་བཞེས་པ་བཅས་ཡིན།


བོད་རྒྱ་སྐད་གཉིས་ཀྱི་སྒོ་བྱང་།


གསེར་ཆེན་རྫོང་མི་དམངས་སྲིད་གཞུང་གཞུང་ལས་ཐོག་ཁང་ནང་ངོས་ཀྱི་བོད་རྒྱ་སྐད་གཉིས་ཞབས་ཞུ་ལམ་སྟོན།

        སྤྱིར་བཏང་དུ་ཁུལ་ཡོངས་ཁྲོམ་གཞུང་བཀོལ་ཡིག་བྱ་བ་སྔར་ལས་ལྷག་པར་ཚད་ལྡན་དང་གཅིག་གྱུར་གྱི་རྣམ་པ་ཆགས་ཡོད་ཅིང་། རྫོང་སོ་སོས《སྲོལ་ཡིག》སློབ་སྦྱོང་དང་དྲིལ་སྒྲོག་བྱེད་ཤུགས་དང་སྤྱི་ཚོགས་ཁྲོམ་གཞུང་བཀོལ་ཡིག་ལེགས་བཅོས་བྱ་བའི་གནས་ཚུལ་ལེགས་ཤིང་གྲུབ་འབྲས་མངོན་གསལ་ཆགས་འདུག  ཐེངས་འདིར་སྒོ་བྱང1822གཙང་སེལ་ལེགས་བཅོས་བྱས་ཤིང་།  དེ་ལས་ཡི་གེ་བཀོལ་སྤྱོད་ཚད་ལྡན་མིན་པ464དང་།  བོད་ཡིག་མེད་པའི་སྒོ་བྱང556དང་།   བོད་ཡིག་ནོར་སྐྱོན་བྱུང་བ354དང་།  བོད་རྒྱ་རིག་རིགས་གཉིས་ཆེ་ཆུང་གཅིག་མཐུན་མིན་པ448བཅས་ཡོད་ལ།   ཡང་བསྐྱར་ཚད་ལྡན་དུ་བཏང་བའི་སྒོ་བྱང403ཡོད།  ཁུལ་སྡོད་རྫོང་སྲིད་གཞུང་གནས་པའི་སྲིང་ལམ་དང་ཚོང་ཁང་།  དེ་མིན་ལས་ཁུངས་ཁག་གི་སྒོ་བྱང་དང་།  ཡིག་བྱང་།  གཙོ་གནས་ཀྱི་བྱང་བུ། ཁུལ་ནང་གཞུང་ལམ་འགྲམ་རྒྱུད་ཀྱི་འགྲིམ་འགྲུལ་ཡིག་བྱང་།   སྒྲོག་སྤེལ་བྱང་བུ།  དྲིལ་སྒྲོག་བྱང་བུ།  སྤྱི་སྤྱོད་སྒྲིག་ཆས་ཀྱི་མིང་སོགས་ལ་བོད་རྒྱ་ཡིག་རིགས་གཉིས་བཀོལ་སྤྱོད་བྱས་ཡོད་ཅིང་།   མི་རིགས་ཀྱི་ཁྱད་ཆོས་འབུར་དུ་བཏོད་དེ་ཅུང་ལེགས་པའི་གྲོང་ཁྱེར་གྱི་སྣང་བརྙན་བསྐྲུན་པ་རེད།


བོད་རྒྱ་སྐད་གཉིས་ཀྱི་དྲིལ་སྒྲོག་བྱང་བུ། 

        དེ་མིན།  རྫོང་སོ་སོའི་ཏང་སྲིད་སྡེ་ཁག་གིས་མི་རིགས་སྐད་ཡིག་བྱ་བའི་རྒྱབ་སྐྱོར་བྱེད་ཤུགས་ཆེར་བསྐྱེད་དེ་རྒྱ་ཆེ་བའི་ལས་བྱེད་པ་དང་མང་ཚོགས་ཁྲོད་བོད་སྐད་ཡིག་བཀོལ་སྤྱོད་བྱེད་པར་ཁྱབ་སྤེལ་བྱས་ཤིང་།   རྟོག་ཞིབ་ཚན་ཆུང་གིས་གཙོ་ཆེར་རྫོང་ལྔའི་ཁྲིམས་འཛིན་ལས་ཁུངས་དང་སློབ་གསོ།  འཕྲོད་བསྟེན།  ཚན་རྩལ་སོགས་ལས་ཁུངས15ཡི་བོད་རྒྱ་ཡིག་རིགས་བཀོལ་སྤྱོད་གནས་ཚུལ་ལ་ཞིབ་བཤེར་བྱས་ཤིང་ལས་ཁུངས་ཕལ་ཆེ་བས་ལག་ལེན་དངོས་འབབ་བྱེད་ཚད་ལེགས་པོ་ཐོན་ཡོད་པ་དང་།  ས་ཁུལ་ཁ་ཤས་སུ་སྤྱི་བདེ་ཅུའུ་དང་ཞིབ་དཔྱོད་ཁང་།    མི་དམངས་ཁྲིམས་ཁང་།   ཁྲིམས་འཛིན་ལས་ཁུངས་སོགས་ཀྱིས་བོད་ཡིག་གི་ཁྲིམས་ལུགས་ཡིག་ཆ་དང་བོད་སྐད་ལམ་ནས་གྱོད་དོན་ཐག་གཅོད་བྱེད་ཀྱི་ཡོད་པ་རེད།  འདིས་ས་ཁུལ་གྱི་རོང་འབྲོག་མང་ཚོགས་སྟབས་བདེ་ཆེན་པོ་བསྐྲུན་ཡོད་ལ།   ཡུལ་ཚོ་དང་གྲོང་རྡལ་ཁ་ཤས་ཀྱིས་བོད་རྒྱ་སྐད་གཉིས་ལ་བྱང་ཆ་ཆེ་བའི་དྲུང་ཡིག་བསྐོས་ཡོད་ཅིང་།   རྫོང་སོ་སོའི་བོད་སྐད་ཡིག་བྱ་བའི་སྡེ་ཁག་གིས་ཀྱང་ལས་རིགས་མི་སྣ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏོན་པ་དང་ལས་རིགས་དཔལ་འབྱོར་འགྲོ་སོང་ལ་རྩ་བའི་ཆ་ནས་འགན་སྲུང་བྱས་ཡོད་པ་རེད།   དེའི་མཚུངས་སུ།  རིམ་པ་སོ་སོའི་བོད་སྐད་ཡིག་བྱ་བའི་སྡེ་ཁག་གིས་དངོས་ཡོད་དང་བསྟུན་ནས་བོད་ཡིག《སྲིད་ཚགས》གསར་སྐྲུན་བྱས་ནས་མང་ཚོགས་ལ་ཏང་གི་ལམ་ཕྱོགས་དང་སྲིད་ཇུས།  དེ་མིན་རོང་འབྲོག་མང་ཚོགས་ཀྱི་དགོས་གལ་ཆེ་བའི་དངོས་ཡོད་ཁེ་ཕན་ཕྱོགས་ཀྱི་ཡིག་ཆ་གལ་ཆེན་ཁག་ལ་བྱེད་ནུས་ཆེན་པོ་ཐོན་གྱི་ཡོད།  


འབྲེལ་ཡོད་འོས་སྦྱོར།